ལོ་འདི་ཡི་མཐའ་མའི་གཏམ།
རང་ལུས་གཞལ་མེད་ཁང་ཆེན་ནས།།
ཞི་ཁྲོ་དམ་པ་རིགས་བརྒྱ་མཁྱེན།།
རང་སེམས་ཆོས་སྐུའི་ཕོ་བྲང་ནས།།
དྲིན་ཆེན་རྩ་བའི་བླ་མ་མཁྱེན།།
དྲན་རྒྱུ་ཆོས་ཤིག་སྒྲུབ་འདོད་ཀྱང་།།
རྣམ་གཡེང་ལེ་ལོས་ཆོས་མིན་འགྲུབ།།
འདུལ་རྒྱུ་རང་སེམས་འདུལ་འདོད་ཀྱང་།།
ཞེ་སྡང་ཁོང་ཁྲོས་གཞན་སེམས་འཁྲུག།
ད་ཐུགས་རྗེ་གཟིགས་ཤིག་འདྲེན་པའི་ཚོགས།།
གུས་པས་ཀོན་མཆོག་མཆོད་འདོད་ཀྱང་།།
འདོད་པས་རང་ཉིད་གསོ་ལ་རྫོགས།།
བྱམས་ཀྱིས་ཕ་རོལ་སྐྱོང་འདོད་ཀྱང་།།
ཆགས་པས་རང་ཉིད་སྐྱོང་ལ་རྫོགས།།
ད་ཐུགས་རྗེ་མ་ཆུང་འདྲེན་པའི་ཚོགས།།
འགྲན་སེམས་ཕྲག་དོག་ང་རྒྱལ་གསུམ།།
བདེ་སྐྱིད་གཅོད་པའི་སྤུ་གྲིར་མཐོང་།།
དེ་ལས་ཐར་བར་ཆེས་འདོད་ཀྱང་།།
གོམས་པའི་སྟོབས་ཀྱིས་ངམ་ངམ་འོང་།།
ད་ཐུགས་རྗེ་གཟིགས་ཤིག་འདྲེན་པའི་ཚོགས།།
ཐར་བ་འཐོབ་རྒྱུ་ཡོད་ཟེར་ན།།
ཡིད་ཆེས་སྙིང་ནས་མི་སྐྱེ་གདའ།།
ཐར་བ་འཐོབ་རྒྱུ་མེད་ཟེར་ན།།
ཐུབ་དབང་རྫུན་ཚིག་སྨྲ་སྲིད་དམ།།
ད་ཐུགས་རྗེ་གཟིགས་ཤིག་འདྲེན་པའི་ཚོགས།།
ལོ་ཟླའི་བབ་ཆུ་ཆལ་ཆལ་འབབ།།
དགའ་སྐྱོའི་རྦ་རླབས་ཆིལ་ཆིལ་གཡོ།།
རང་ལུས་ཤིང་སྐམ་ཡལ་ག་ཞིག།
འཆི་བདག་རྒྱ་མཚོའི་ཁ་ལ་ཉེ།།
ད་ཐུགས་རྗེ་གཟིགས་ཤིག་འདྲེན་པའི་ཚོགས།།
ལོ་གསར་གསར་རྒྱུ་ཅི་ཡང་མེད།།
ལོ་རྙིང་རྙིང་རྒྱུ་ཅི་ཡང་མེད།།
བྱུང་ན་སེམས་པ་བཟང་ལ་འབད།།
མ་བྱུང་བཀྲིས་བདེ་ལེགས་རེད།།
ད་ལོ་གསར་ལོ་རྙིང་དོན་མ་རྟོགས།།
༡༡།༠༢།༢༠༢༡།
____________________
ལོ་གསར་ཉིན་དང་པོའི་སྔ་དྲོ།
བསེར་བུ་དལ་གྱིས་རྒྱུ་བའི་བར་སྣང་གི་ལམ་བུར།།
ཉི་ཟེར་ཐུར་དུ་ཟགས་པའི་ཐོ་རེངས་ཀྱི་དུས་ལ།།
ཡིད་འོང་ཁྱོན་ཡོངས་བཀྲ་བའི་འཇའ་གུར་གྱི་ཕིབས་སུ།།
རང་སེམས་ལྷོད་ལ་བབ་པའི་རྟེན་འབྲེལ་ཞིག་འགྲིག་འོང་།།
མཛེས་ལྡན་ལྟ་ན་སྡུག་པའི་ཚལ་ཤིང་གི་ཁྲོད་དུ།།
བྱ་དང་བྱིའུ་གསུང་སྐད་གླིང་བུ་ལས་སྙན་པ།།
རྒྱང་རིང་སེམས་པ་ཞིག་གིས་ལན་མང་དུ་ཉན་ན།།
དྲིན་ཆེན་ཕ་མ་དྲན་པའི་གདུང་དབྱངས་སུ་འགྱུར་སོང་།།
དགོན་དང་ལྷ་ཁང་མཆོད་རྟེན་ཡིད་སེམས་ཀྱི་གནས་ཁང་།།
ལྷ་དང་ལྷ་མོའི་གར་སྟབས་མིག་ལམ་གྱི་ལོངས་སྤྱོད།།
བཛྲ་གུ་རུའི་དབྱངས་རྟ་རྣ་བ་ཡི་བདུད་རྩི།།
རྩ་བའི་བླ་མ་མཇལ་བའི་རྟེན་འབྲེལ་རེ་འགྲིག་བྱུང་།།
གཏན་གྱི་བདེ་བ་འདྲེན་པའི་དུས་བཟང་ཞིག་མིན་རུང་།།
ཞོགས་པའི་སྐྱ་རེངས་བསུ་བའི་འཁོར་ཡུག་དེར་བལྟས་ན།།
སྐྱོ་གདུང་ཟས་སུ་བཟའ་བའི་ཁྱད་ཆོས་ཤིག་ངོམ་དུས།།
དགའ་སྐྱིད་ཆར་དུ་ཉིལ་བའི་རྟེན་འབྲེལ་ཞིག་ལོས་ཡིན།།
ངོ་གདོང་འཛུམ་གྱིས་བརྒྱན་པའི་ཆོས་གྲོགས་ཀྱི་གསེང་ན།།
དགོད་སྒྲ་དབྱངས་སུ་གྱེར་བའི་མགུལ་རྒྱན་དེ་བཅིངས་ནས།།
བྱམས་བརྩེ་སྙིང་ལ་གཡོགས་པའི་སེང་རས་དེ་དཀར་དུས།།
འཛམ་གླིང་ཞི་བདེ་འདྲེན་པའི་རྟེན་འབྲེལ་དུ་ཤར་བྱུང་།།
སྟོད་ན་ཟངས་མདོག་དཔལ་རིའི་འཇའ་འོད་ཀྱི་གུར་ཁང་།།
འོག་ན་རྨ་བྱ་གཞོན་ནུའི་སྒྲོ་མདོངས་ཀྱི་འཇའ་གུར།།
འཇའ་ཚོན་སྣ་ལྔས་ཞིང་ཁམས་བཀྲ་ལྷེམ་གྱིས་ཁེངས་དུས།།
བདེ་ཆེན་ཞིང་དུ་སྐྱེ་བའི་རྟེན་འབྲེལ་རེ་ཡིན་ཤོག།
གང་སྣང་སེམས་སུ་ཤར་བའི་རྟེན་འབྲེལ་དེ་འགྲིག་ཤོག།
སེམས་ཉིད་འཇའ་རུ་འཆར་བའི་རྟེན་འབྲེལ་དེ་འགྲིག་ཤོག།
འཇའ་དེ་ནམ་མཁར་ཡལ་བའི་རྟེན་འབྲེལ་དེ་འགྲིག་ཤོག།
ནམ་མཁའ་དམིགས་སུ་མེད་པའི་རྟེན་འབྲེལ་དེ་འགྲིག་ཤོག།
ལོ་གསར་ལ་བཀྲིས་བདེ་ལེགས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ལོ་འདིའི་མཐའ་མའི་གཏམ།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།