རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 15 March 2021

མདའ་སྨྱུག་བཞུར་པོའི་བརྩམས་ཆོས་སྙན་ངག་གཉིས།

«ཉི་ནུབ་ཀྱི་སྨྲེ་ངག»



ངུས་ངག་གི་གཟན་པོ་ཞིག་གིས།།
དར་མ་ཡི་སྙིང་རླུང་འདར་བྱུང་།།
རྗེ་ཁོང་གི་མཛད་པ་མཐའ་མ།།
དུས་འདི་བཟུང་མཇལ་རྒྱུ་དཀའ་འམ།།

འགྲོ་དྲུག་གི་བསོད་ནམས་དམན་ནམ།།
ཨ་སྔོན་གྱི་ཉི་མ་ནུབ་སོང་།།
དམན་དོག་མོར་མུན་གནག་བཀབ་བམ།།
ཞིང་གཞན་དུ་ཕེབས་ཐོས་ཡིད་ལྷུང་།།

སྐལ་ལྡན་གྱི་སློབ་བུ་འཛོམས་ནས།།
ལྷུང་ལྷུང་གི་མིག་ཆུ་བཏང་ངམ།།
གཅིག་དྲིལ་གྱི་གསོལ་འདེབས་སྨོན་ཏེ།།
བརྩེ་བ་ཡི་ཐུགས་རྗེས་འདོར་རམ།།

མཁའ་དབྱིངས་ཀྱི་སྤྲིན་པ་འོག་ནས།།
དཀར་མདངས་ཀྱི་རྒྱུ་སྐར་གཅིག་དེ།།
ཁྱེད་ཉིད་ཀྱི་ཐུགས་རྗེ་ཡིན་ནམ།།
སྒྱུ་མ་ཡི་རང་མདངས་ཨེ་རེད།།

ཚེས་གཅིག་གི་ཡར་ངོའི་ཟླ་ན།།
མུན་སེལ་གྱི་སྒྲོན་མེ་ཤར་ཡོང་།།
གངས་རི་ཡི་བསིལ་ལྡན་ལྗོངས་ན།།
ངོ་མཚར་གྱི་ཡང་སྲིད་བྱོན་ཅིག།

༡༥/༡/༢༡/ དགོང་ཐུན་བར་ན་བྲིས་སོ།།



«བླ་མ་དྲན་སྟངས་དཀྱུས་གཅིག»



ལྷས་པའི་སྐུད་པ་དམར་པོ།།
རྒྱུས་ཐག་རྒྱང་དུ་རིང་ཡང་།།
འཇམ་པའི་ཞལ་རས་དམར་པོ།།
འགྲམ་ལ་ཡོད་ན་དྲན་གྱི།།

འདས་པའི་བྱམས་སྐྱོང་དྭངས་མ།།
གློ་བུར་མདུད་པས་བཅིངས་ཀྱང་།།
ས་ཐག་མང་པོས་བརྒྱུད་ཚེ།།
གར་སྟབས་གཉོམ་མོ་དྲན་གྱི།།

དུད་ཁས་འཁྲིགས་པའི་དགོང་མོ།།
དུང་བ་མཁའ་ལ་འཕྱོ་སོང་།།
སྐྱ་འདྲེས་རྨི་ལམ་གྲོང་དུ།།
ཁྱེད་ཀྱི་བརྩེ་བ་མཐོང་བྱུང་།།

ཁྲ་ཁྲ་སྤྱི་ཚོགས་ཁྲོད་ན།།
འབུ་སྲིན་མིག་མེད་འཐབ་ཚེ།།
ཡར་གྱི་ཆོས་གྱི་ཕོ་བྲང་།།
ཐེངས་གཅིག་མཇལ་ན་བསམ་གྱི།།

གློ་བུར་གཡོ་སྐྱེམ་དུས་ཀྱིས།།
ཁྱེད་ཀྱི་དགུང་ལོ་བགྲེས་མཐོང་།།
དབུ་སྐྲ་སྙེ་མ་རེ་རེས།།
སློབ་བུ་ཡོངས་ལ་དགོས་མཁོ།།

ཁ་བ་རེ་རེ་ལྷུང་ནས།།
རི་བོ་མགོ་ལ་གཡོགས་སོང་།།
གྲུ་འཛིན་དམར་པོའི་དཀྱིལ་ན།།
ཁྱེད་རང་བཞུགས་ན་བསམ་གྱི།།

དབྱར་ཁའི་གྲང་ཆར་ཁྲོད་ན།།
ཁུག་རྟས་སྐྱོ་གླུ་གྱེར་ནས།།
དབང་མེད་མིག་ཆུར་བཞུར་དུས།།
ཁྱེད་ཀྱི་སྤྱན་ཆབ་དྲན་ཡོང་།།

མི་མེད་ལྷོ་མཐའི་མཚམས་ནས།།
ཆུ་བོ་ཡར་མར་བསྐྱོད་དུས།།
ཉི་རྒས་ནུབ་ཕྱོགས་མཚམས་ན།།
ཁྱེད་ཀྱི་བྱིན་རླབས་མཇུག་སྡུད།།

༢༥/༡/༢༡ ཉིན་མོར་བྲིས།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།