དང་པོ།
ཟླ་གཅིག་ཙམ་སྔོན་བོད་རྒྱལ་ལོ་ ༢༡༤༨ ལྕགས་མོ་གླང་ལོའི་ལོ་གསར་ཚེས་ཉིན། ཕ་ཡུལ་གཅིག་པའི་སློབ་དཔོན་བསྟན་འཛིན་ཆོས་འཕེལ་ལགས་ནས་ངོ་དེབ་སྟེང་དུ་བྲིས་དོན། ཁོང་ཉིད་བསླབ་པ་མཐར་སོན་པའི་དུས་ཚོད་དང་བསྟུན་ནས། ལོ་མང་འབད་པས་བསྐྲུན་པའི་དཔྱད་རྩོམ་དང་སྒྲུང་རྩོམ། དེ་བཞིན་སྙན་ངག་བཅས་ཁག་སོ་སོར་ཕྱོགས་བསྒྲིགས་བྱས་པའི་རྩོམ་དེབ་གསུམ་འཐོན་འཆར་ཡོད་སྐོར་བྲིས་འདུག ཡི་གེ་དེ་མཐོང་མ་ཐག་ཁོ་བོ་དགའ་ཚོར་གྱིས་མྱོས་ཤིང་བཀླག་རྒྱུར་རེ་སྒུག་དྲག་པོ་བཅངས་མཐར། ཁ་ཉིན་སྤྱི་ཚེས་ ༡༤ འི་ཉིན་དངོས་སུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མདུན་དུ་ཐོན་པ་མ་ཟད། རྩོམ་པ་པོ་ནས་ཁོ་བོ་ལའང་དཔེ་དེབ་གསུམ་པོ་རིན་མེད་དུ་གནང་བྱུང་བར་འོར་ཆེ་བཀའ་དྲིན་བསྐྱངས་སོང་ཞུ་བ་དང་། ཁྱེད་ལ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ། མཐར་ཁྱེད་ཀྱི་ཞེ་འདོད་ཀྱི་ཁ་ཕྱོགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག་ཅེས་སྨོན་འདུན་ཞུ།
གཉིས་པ།
འདི་ལྟར་རྩོམ་པ་པོ་ཞིག་གིས་དཔེ་དེབ་གསུམ་པོ་རིན་མེད་དུ་སྤྲད་པ་ནི། ངོ་དེབ་ལ་སོགས་པའི་དྲྭ་རྒྱའི་གང་དུ་བསྔགས་བརྗོད་བྲིས་ནས་གཤམ་རྒྱུ་ཙམ་མིན་པར། དོན་ལ་རྩོམ་པ་པོ་ཉིད་ཀྱིས་ལོ་མང་ངལ་བས་བསྐྲུན་པའི་གསེར་སྲང་དག་ང་ཚོར་སྦྱིན་པ་ཡིན་ལ། དེ་ནི་ང་ཚོས་རྩོམ་དེབ་བཀླགས་ནས་ལེན་རྒྱུ་ལས་ཐབས་གཞན་མེད་པས། ཅིས་ཀྱང་ཀློགས་དང་བྲོ་བ་དམིགས་བསལ་འདུག
ངས་ད་ལྟ་དཔྱད་རྩོམ་དང་སྒྲུང་རྩོམ་གཉིས་པོ་བཀླགས་ཟིན། སྤྱིར་བཏང་ཀློག་པ་པོར་གོ་བ་ཇི་ཙམ་ཟབ་ཀྱང་། རྩོམ་པ་པོའི་ཞེ་འདོད་རགས་རིམ་ཙམ་ལས་ཞེ་འདོད་དངོས་ལ་རེག་པ་ནི། ཉིན་སྐར་ལས་ཀྱང་གནམ་གང་གི་ཉིན་སྐར་ཡིན་ཚོད། དེ་ནི་རྩོམ་པ་པོའི་ཟབ་ཚད་ཁོ་ན་མིན་པར་ཡིག་དོག་གཅིག་གཉིས་ལས་གྲུབ་པའི་ཐ་སྙད་རེ་ལའང་། གང་ཟག་སོ་སོས་གོ་བ་ལེན་སྟངས་སྣ་ཚོགས་སུ་གྱུར་བས་ཡིན།
དཔྱད་རྩོམ།
འོན་ཀྱང་ཁོ་བོ་ཉིད་ཀྱི་ལྟ་ཕྱོགས་ལྟར་ན། ཁོང་གི་དཔྱད་རྩོམ་ལ་དམིགས་བསལ་ཁྱད་ཆོས་ཡོད་པ་ནི། སྲོལ་རྒྱུན་ཕལ་ལྟར་ཐད་ཀར་བརྗོད་བྱ་དངོས་ལ་དམར་འཇུས་མི་འགུགས་པར། ལོ་རྒྱུས་དང་ཞིབ་འཇུག་གི་རྣམ་པའི་ཟུར་རྒྱན་ནས་བྲིས་ཡོང་དུས་བློ་སྐྱེད་དམིགས་བསལ་རག་གི་འདུག ང་ལ་མཚོན་ན་«ཤེར་ཕྱིན་མདོ་བརྒྱད་སྟོང་པ་བཀླགས་པའི་ཟིན་བྲིས།» «ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་ལས་འཕྲོས་པ་»དང་། དེ་བཞིན་«ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལས་འཕྲོས་པའི་ཟིན་བྲིས་ཁག་དང་པོ།» བཅས་གསུམ་པོ་ལས་བློ་བསྐྱེད་གལ་ཆེན་ཤ་སྟག་འབོར་ཆེན་རག་བྱུང་།
སྒྲུང་རྩོམ།
ལྷག་པར་ཁྱེད་ཀྱི་སྒྲུང་རྩོམ་ནང་། རྗོད་བྱེད་ཚིག་གིས་ཡུལ་དང་མི་སྣ་འཁོར་ཡུག་དག་གི་རྣམ་པ་ཞིབ་ཚགས་ཀྱིས་འབྲི་སྟངས་ནི། པར་ལ་བལྟས་པ་བཞིན་མིན་པར་གློག་བརྙན་དངོས་ལ་བལྟས་པའི་ཚོར་སྣང་སྟེར། ད་དུང་«ངའི་བརྩེ་དུང་ལ་ཕམ་ཁ།» «ཁུག་མ་ལྗང་ཁུ།» «སྐེ་རགས།» «ཨ་ཅེ་ཆོས་སྒྲོན་»ལ་སོགས་པའི་སྒྲུང་རྩོམ་དེ་ཚོ་འཁོར་ཡུག་འདི་པའི་མིས་བཀླགས་ན་འཁོར་ཡུག་རྦད་དེ་མ་མཚུངས་སར་འཚར་ལོངས་བྱུང་ཙང་བརྗོད་བྱ་དངོས་ཀྱི་བྲོ་བ་དེ་ཙམ་རག་ཁག་པོ་རེད་དྲན། འོན་ཀྱང་མཐོ་སྒང་ནས་འབྱོར་མྱོང་མཁན་ཞིག་གིས་བཀླགས་ན་གློག་བརྙན་དངོས་མ་ལས་ཀྱང་དེ་ལས་ལྷག་ཅི་མྱོང་རོལ་ཐུབ། ད་དུང་དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན་རེད་དམ་ཅི་མི་ཤེས། ཁྱེད་ཀྱི་སྒྲུང་རྩོམ་མང་ཆེ་བ་དངོས་སྒྲུང་ལྟ་བུར་ཡང་ཡང་ཚོར།
སྤྱིར་བཏང་སྒྲུང་གི་ཁྱད་ཆོས་གཙོ་བོ་ཞིག་འགལ་འདུ་ཇེ་མང་བསྒྲིག་དགོས་པ་དེ་ཡིན་པ་འདྲ། དེ་ནི་ཁྱེད་ཀྱི་སྒྲུང་རྩོམ་ལ་བལྟས་ན་ཧང་སང་ཡས་རེད་འདུག ལྷག་པར་«གྲིབ་ནག་ཁྲོད་དུ།»ཞེས་པའི་སྒྲུང་དེའི་འབྲི་སྟངས་དེ་ཡིན་ན་ངོ་མ་འགྲན་ཟླ་དཀའ་བ་ཞིག་འདུག
སྙན་རྩོམ།
དེང་རབས་ཀྱི་འབྲི་སྟངས་སྤྱད་པའི་སྙན་རྩོམ་འདི་དག་དྲང་པོ་ཞུས་ན། སྙན་རྩོམ་དེ་ཆ་ཚང་བཀླགས་ཚར་མེད་ཀྱང་། འདུག་སེ་ལྟ་དུས་སྙན་ནི་སྙན་པོ་རང་ཡོད་པ་ལ། ཅི་ཞིག་ཟེར་གྱིན་ཡོད་མེད་མང་ཆེ་བ་གཏན་ནས་མགོ་འཚོས་ཀྱི་མི་འདུག ཕལ་ཆེར་འཁོར་ཡུག་འདིར་གོ་བ་ལོན་མཁན་བརྒྱ་ཆ་བཅོ་ལྔའང་ཡོད་ཁག་པོ་བྱས་སོང་སྙམ་པ་ཞིག་དབང་མེད་བྱུང་།
ཁོ་བོའི་དྲན་ཚུལ་ཟུར་ཙམ། ༡༥/༠༣/༢༠༢༡
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-བསྟན་འཛིན་ཆོས་འཕེལ་ལགས་ཀྱི་དེབ་གསར་ཁག་གསུམ་བཀླགས་པའི་དྲན་ཚུལ་ཟུར་ཙམ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།