མདའ་སྨྱུག་བཞུར་པོ། སྔ་འགྱུར་མཐོ་སློབ་ཆེན་མོ།
ཟླ་སུམ་པང་གི་སྡུག་བསྔལ་མ་ལས་ཤར།།
ཉིན་མཚན་རེ་སྒུག་དུང་བ་ཕ་ཡིས་ཁྱེར།།
ཤ་ལྕེ་འཇམ་པོ་ཁྱོད་ཀྱིས་ང་ལ་སྤྲོད།།
ང་ཡི་ཆེད་དུ་ཁྱོད་གཉིས་ཁྱི་ལྟར་རྒྱུག།
ཟླ་དགུ་ལུས་ཀྱི་ངལ་དུབ་མ་ཡིས་ཤེས།།
རྒྱང་ནས་སྨོན་ལམ་བཟང་པོ་ཕ་ཡིས་འདེབས།།
ངའི་སྒྲ་འཇིག་རྟེན་གླིང་ལ་གཏོར་དུས་འདིར།།
ཁྱེད་གཉིས་ང་ལ་འཐམས་ཏེ་རེ་བ་བཞག།
ཐོད་ལ་དམིགས་འདུན་སྐོ་མཁན་ཕ་དང་མ།།
འོ་ནུ་ཁ་ལ་ཕངས་མེད་མ་ཡིས་གཏབ།།
གོས་ཆེན་ཡག་ཤོས་ཕ་ཡིས་ང་ལ་བཀྱོན།།
སྐབས་རེ་ངུ་སྐད་འདོན་དུས་ཁྱོད་གཉིས་སྐྲག།།
ད་དུང་ཁྱོད་གཉིས་ལོ་བརྒྱ་བརྟན་དགོས་སྨོན།།
ང་ལ་ཚེ་སྲོག་སྲིང་མཁན་ཕ་དང་མ།།
གང་ལ་འདུག་ཚེ་སེམས་པ་མ་ཡིས་འཚོས།།
གོམ་སྟབས་གཉོམ་མོ་ལམ་ཁར་ཕ་ཡིས་དྲངས།།
ས་རུ་འགྲེ་ནས་དམེ་དྲི་ཁེངས་ན་ཡང་།།
ད་དུང་ལག་འཇམ་ཁྱོད་གཉིས་ང་ལ་སྤྲོད།།
རང་གི་བྲང་ཤ་འཛིན་མཁན་ཕ་དང་མ།།
དྲག་ཤུགས་ན་ཚ་སྔོན་རྟགས་མ་ཡིས་ཤེས།།
སྨན་དང་རིམ་གྲོ་གང་དགོས་ཕ་ཡིས་ཕབ།།
དུས་མེད་ཉལ་ཁྲི་སྒང་ལ་ལུས་ན་ཡང་།།
བྲན་གཡོག་འཁོར་བཅས་བཞིན་དུ་འཕྲི་ལ་སྡོད།།
ཐང་ཆད་མེད་མདོག་འདྲ་བོ་ཕ་དང་མ།།
གྲུ་བཞི་ཉལ་ཁྲི་བདེ་མེད་མ་ཡིས་རྟོགས།།
སློབ་གྲྭར་འཛུལ་བཞུགས་འདི་སྐོར་ཕ་ཡིས་དྲན།།
བདུད་གྲོགས་མཉམ་དུ་ལག་མཐུན་འགྲོགས་ན་ཡང་།།
མ་རྡུངས་ཞལ་དཀར་ཁ་འཇམ་ང་ལ་བཏོན།།
དགེ་རྒན་ལྷག་པའི་སློབ་མཁན་ཕ་དང་མ།།
བྲལ་བར་མ་ཕོད་མིག་ཆུ་མ་ཡིས་ཤོར།།
མི་ཚེ་ཁ་ཕྱོགས་འདི་ནི་ཕ་ཡིས་ཕྱེས།།
སྤྲུན་མེད་མི་ཡུལ་གྲོང་ལ་གཏོང་མི་འདོད།།
མི་ཡུལ་ཅི་འདྲ་ཡོད་པ་ཁྱེད་གཉིས་བསམས།།
མིག་ཆུ་རྒྱུན་མ་འབབ་མཁན་ཕ་དང་མ།།
དེ་རིང་ཅི་འདྲ་འདུག་ཡོད་མ་ཡིས་བསམ།།
འགྱུར་མདོག་ཅི་འདྲ་ཐེབས་སམ་ཕ་ཡིས་བརྗོད།།
ཉིན་མཚན་མེད་པར་རེ་སྒུག་ངང་ལ་སྡོད།།
འཁོགས་ཤིང་རྒས་ཀྱང་ང་ལ་བརྗེད་མེད་ཟེར།།
རང་ལས་ལྷག་པ་བསྐྱངས་བའི་ཕ་དང་མ།།
མི་ཡུལ་བརྒལ་ནས་ཡོང་བ་མ་ཡིས་ཚོར།།
གཏམ་བཟང་ཁ་མཐུན་ཁྱེ་བ་ཕ་ཡིས་ཤེས།།
དགའ་བའི་འཛུམ་གྱིས་བསུ་འདོད་ཁྱེད་གཉིས་ཆེ།།
འཚམས་འདྲི་ང་བྱས་ཁྱོད་བྱས་རྩོད་པ་རྒྱབ།།
ང་ལ་དེ་འདྲ་ཉར་མཁན་ཕ་དང་མ།།
ང་ལ་སྲུང་བསྲུང་ངང་ནས་རང་ལུས་ཕོངས།།
ད་ལྟ་ནད་ཀྱིས་མནར་བའི་མ་མ་ལགས།།
ཁྱེད་ལ་ཅི་བྱས་འདི་བྱས་ཐབས་མ་བརྙེས།།
ལོ་གཅིག་ཉལ་ས་སྒང་ལ་ལུས་མཐོང་དུས།།
གཅེས་ཕྲུག་རྨ་ཁ་མ་བཟོད་མིག་ཆུ་ཤོག།
ཨ་མ་ལགས། དགོངས་དག་ད་ལྟ་ཁྱེད་ལ་ནད་ཀྱིས་མནར་མཐོང་དུས་ངའི་སེམས་གཏིང་ནས་མི་བཟོད་འདུག འོན་ཀྱང་དངོས་སུ་ཁྱེད་ལ་ཕན་ཞིག་ཀྱང་མ་ཐོགས་སོང་། ༢༠༢༡/༠༣/༢༦ དགོང་མོར་མིག་ཆུ་ཤོར་བའི་ངང་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཕ་མ་དྲན་པའི་སྐད་གསང་།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།