༼༡༽
རྟེན་འབྲེལ་དབང་གིས་བསླུ་མེད་ཡོད་པས་ན།།
ཇི་སྲིད་གཟུང་འཛིན་འཇུག་པ་མ་ནུབ་བར།།
དངོས་དངོས་མེད་པའི་འཛིན་པ་རྣམ་གསུམ་པོ།།
ཐོས་བསམ་སྒོམ་པའི་ཤེས་རབ་རལ་གྲི་ཡིས།།
ཚལ་པ་བརྒྱ་རུ་བཀས་ནས་སྒྲིབ་པ་གཉིས།།
ཞི་བར་བྱས་ཏེ་འཁོར་འདས་སྣང་བ་ཞིག །
སྙིང་རྗེའི་བདག་ཉིད་གཞོན་ནུ་དོན་གྲུབ་ཀྱིས།།
ལོ་དྲུག་དཀའ་ཚེགས་དྲག་པོ་བཟོད་བྱས་ཏེ།།
མ་ག་དྷ་ཡི་བྱང་ཆུབ་ལྗོན་ཤིང་མདུན།།
སྒྲིབ་གཉིས་ཟད་ཅིང་སྣང་སྲིད་དབྱིངས་སུ་ཐིམ།།
ཉིད་ཀྱང་འཁོར་བའི་བཙོན་ཁང་འདི་ཉིད་ལས།།
མ་དག་དྲི་མ་རྡུལ་ཙམ་མ་ལྷག་པར།།
གཞན་དོན་ཁོ་ནར་དམིགས་ཏེ་ཞིང་མཆོག་དེར།།
ཁྱེད་མཇལ་ཁྱེད་གསུང་ཐོས་ན་ཅི་མ་རུང་།།
༢༠༢༡/༠༤/༠༣ སྔ་དྲོ་དུས་འཁྱོལ་ཚུལ་དུ་རང་ཤག་ནས་བྲིས།།
༼༢༽
སྲེད་པའི་ཆུ་བོ་འཕེལ་ནས་རང་དོན་དུ།།
བསགས་པའི་རྒྱུ་ནོར་མ་ངོམ་ནགས་ཚལ་གྱི།།
རྐང་འཐུང་མཐའ་དག་རྩ་མེད་གཏོང་བཞིན་གདའ།།
སྨྲ་བ་བྲལ་བའི་ཉམས་ཆུང་སེམས་ཅན་གྱི།།
སྡོད་གནས་བཤིགས་ཏེ་རང་ཉིད་འཚོ་བར་རོལ།།
ལས་འབྲས་བསླུ་མེད་རྟེན་ཅིང་འབྲེལ་བའི་མཐུས།།
ཤེས་ཅན་དེ་དག་རྟ་བདུན་བདག་པོར་སྤྲད།།
པདྨའི་གཉེན་གྱིས་ཚ་བའི་གུར་ཕུབ་ནས།།
ལས་ངན་ལུས་ལས་རྔུལ་ཆུའི་ཐིགས་པ་ཟགས།།
འབྲོས་ས་མ་འབྱོར་སྔར་གྱི་སྡོང་པོ་དྲན།།
བྱེད་ཐབས་བྲལ་ནས་ཕྱིས་སུ་འགྱོད་པ་སྐྱེས།།
བཅད་པའི་སྡོང་པོ་སྦྱོར་བའི་དུས་ནི་མེད།།
མནོ་བསམ་སྔོན་ལ་མ་འཁོར་འགྱོད་པ་དེ།།
ཕྱིས་སུ་སྐྱེས་པ་ལས་ཀྱི་མཐའ་ཡིན་ཏེ།།
ད་ནས་མི་གཅོད་གསར་འཛུགས་བྱེད་དུ་ཆོས།།
ངོ་དེབ་ནང་གོང་གི་པར་མཐོང་མ་ཐག་
༢༠༢༡/༠༤/༠༢ ཉིན་རང་ཤག་ནས།
༣༽ ཁྱོད་མིན་སུ།
མ་གི་ཕྲུ་གུ་སྣབས་ཚར་ཡན་ཆོད་ཀྱི།།
རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་དེ།།
ཆུད་ཟོས་གཏོང་མཁན་ཁ་པར་ཁྱོད་མིན་སུ།།
ན་ཚོད་སྨིན་པ་ལྟ་ཞོག་མ་སྨིན་པའི།།
ཆུང་ཆུང་བྱིས་པ་དག་ལའང་བཙན་དབང་གིས།།
འདྲེན་བྱེད་ཟུང་གི་གསལ་བྱེད་འོད་ཕུང་ཡང་།།
འཕྲོག་པར་བྱེད་པོ་ཁ་པར་ཁྱོད་མིན་སུ།།
སྡེར་མ་ནང་གི་ཁ་ལག་ཟ་བཞིན་དུ།།
ཁྱོད་ཀྱི་གདོང་པར་འཁྲུལ་སྟེ་ཁམ་གཅིག་རྗེས།།
ཁམ་གཞན་བརྗེད་དེ་འདུག་ས་དེ་ཉིད་དུ།།
འཁྱག་པ་ཆགས་སུ་འཇུག་མཁན་ཁྱོད་མིན་སུ།།
འགྲོ་ལམ་སྡོད་ས་འཛིན་གྲྭ་གསང་སྤྱོད་སོགས།།
འགྲོ་འདུག་ཅི་བྱས་ཁྱོད་དང་འབྲལ་མེད་རེད།།
མདོར་ན་ཉིན་གྱི་ལས་དང་མཚན་གྱི་གཉིད།།
རྐུ་བར་བྱེད་པོ་ལས་ངན་ཁྱོད་མིན་སུ།།
ཡུན་རིང་མཇལ་མ་མྱོང་བའི་ཕ་མ་དང་།།
མཛའ་བའི་གྲོགས་པོ་ཕན་ཚུན་གདོང་ཐུག་ཀྱང་།།
དགའ་སྐྱོའི་གཏམ་གླེང་མེད་པར་ཁྱོད་ཉིད་ཀྱི།།
དབྱིངས་སུ་ནུབ་ཏུ་འཇུག་པོ་ཁྱོད་མིན་སུ།།
ང་དང་ང་འདྲའི་སློབ་ཕྲུག་མི་ཉུང་ཞིག།
བསླབ་པ་སློབ་གཉེར་རྦད་དེ་བརྗེད་ནས་ཐལ།།
ཉིན་མཚན་གཡེལ་བ་མེད་པར་ཁྱོད་རང་འཁོལ།།
བདུད་སྤྲུལ་ཁྱོད་ལ་བརྫུས་ཏེ་བསླེབས་སམ་ཅི།།
རབ་འབྱུང་ཕལ་ཆེར་ཁ་འདོན་དགེ་སྦྱོར་རིགས།།
ཕ་རིའི་རྒྱབ་ཏུ་འཕངས་ཤིང་སྔ་དགོང་ཀུན།།
ཁྱོད་དང་འབྲལ་མེད་ཡིན་ཚུལ་ལ་བལྟས་ན།།
བདུད་ངན་ཁྱོད་ལ་བརྫུས་ནས་བསླེབས་སྙམ་གྱི།།
སྤྱི་ཚོགས་ནང་གི་རྙོག་དྲ་ཆུང་ཆུང་ཡང་།།
དོན་མེད་སྐར་མ་འགའི་རིང་འཛམ་གླིང་ཀུན།།
ཁྱབ་ནས་ཡར་དཀྲུག་མར་དཀྲུག་བྱེད་མཁན་ཡང་།།
བདུད་སྤྲུལ་ཁ་པར་ཁྱོད་མིན་གཞན་སུ་ཡིན།།
ཇི་ཙམ་ཉོས་རུང་དེ་ཙམ་སྲེད་པ་འཕེལ།།
རྒྱུན་དུ་བཀོལ་ན་སོ་སོར་གནོད་པ་ལས།།
ཕན་པ་ཅུང་ཟད་མེད་པའི་ཁ་པར་ཁོའི།།
ཡང་སྲིད་ཡོང་ཡ་མེད་ན་ཅི་མ་རུང་།།
མདོར་ན་ཁ་པར་ཁོ་ཡི་གཞན་དབང་དུ།།
འཆོར་ཐབས་མེད་པའི་ཐབས་ལམ་ཡག་ཤོས་དེ།།
རྣམ་པ་ཁྱེད་ཚོས་མཁྱེན་ན་ཁོ་བོ་ལ།།
སྦས་གསང་མེད་པར་འཐད་ཀ་ཤོད་དང་ཀྱེ།།
༢༠༢༡/༠༣/༣༠ སྔ་དྲོ་མལ་ས་ནས་ཅི་དྲན་ཐོལ་བྱུང་དུ་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།