རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 30 March 2021

«དྲི་བ་བརྒྱད་ཁྲི་བཞི་སྟོང་།»གི་བཀླགས་བྱང་།

ལྷོ་གོ་ཆ། སྔ་འགྱུར་མཐོ་སློབ་ཆེན་མོ།


༡. གླེང་སློང་བའི་གཏམ། 
   “ཉིན་ཞིག་གི་དགོང་མོར་ང་རང་ཧྥ་རན་སིའི་རྒྱལ་སའི་གླ་འཁོར་ཞིག་གི་ནང་དུ་སོང་བ་ཡིན།  ཁ་ལོ་བ་དེ་ནི་རང་ཤེད་རྩུབ་ལ་གུས་ཞབས་མེད་མཁན་ཞིག་རེད། ཁོས་རླངས་འཁོར་མགྱོགས་པོར་གཏོང་བཞིན་འཁོར་དགག་གང་བྱུང་དུ་མནན་ནས། མཐའ་མར་ང་རང་རྨས་སྐྱོན་བྱུང་སོང་། ང་ནི་ངར་ལངས་ཐག་ཆོད་ནས་བཟོད་སྲན་བྱེད་ཐབས་མི་འདུག  ཡིན་ནའང་དེ་མ་ཐག་ག་རེ་བྱེད་དགོས་ཀྱང་ཤེས་མ་སོང་། དེ་ནས་ང་རང་ཏག་ཏག་རླངས་འཁོར་རྒྱབ་ལོགས་ཀྱི་རྐུབས་སྟེགས་ཐོག་བསྡད་ཡོད་པས། རླངས་འཁོར་ནང་གཅིན་ཞིག་བཏང་བཞག་པ་ཡིན།” (༡)གསུང་དུམ་འདིར་དགོད་བྲོ་བ་དང་ཡ་མཚན་པོ་འདྲ་ཡོད་མོད།  འདི་ལྟར་བཤད་ཐུབ་མཁན་གྱི་སྤྲུལ་སྐུ་ནི།  རྫོང་སར་ཚང་ལྟ་བུ་གཅིག་གཉིས་རེ་ཡིན་རྒྱུ་རེད་ལ། གསུང་དུམ་འདི་ནི་ཁོང་རང་གི་མངོན་ལྐོག་མེད་པའི་ཉམས་ལེན་དང་བདེན་དྲང་གི་རྒྱབ་ལྗོངས་ལྟ་བུར་འདོད་པས།  ང་རང་ཁོང་ལ་དགའ་བ་ནས་ཡིད་ཆེས་ཅན་དུ་གྱུར་དོན་ཡང་དེ་ལྟ་བུ་ཞིག་ཡིན་སྲིད། 

༢. ཁ་བྱང་། 
   ཁ་བྱང་ལྟར་བཀླགས་བྱང་དངོས་གནས་ཤིག་འདི་རུ་མེད་ལ།  དེབ་འདིའི་བརྗོད་བྱ་གཙོ་བོ་སྡེ་ཚན་བཅུ་ཡས་མས་ཤིག་ཡོད་སྟབས།   དེ་ལས་ཁོལ་དུ་ཕྱུང་ནས་རྡོག་རྡོག་ཅིག་སྤྲད་ཡ་རག་མ་སོང་།   གཅིག་བྱས་ན་དེབ་འདིའི་འགོ་ནས་མཇུག་བར་ཕ་ལམ་གྱི་ཕྲེང་བ་ཞིག་གི་དཔེ་ལྟ་བུ་ཡིས་གྲུབ་པས་ཡིན་སྲིད་སྟབས།   ཐོག་མར་ཀློག་པ་པོ་དག་གི་དགོངས་ཡངས་གནང་བར་ཞུ། 

༣. དེབ་འདི་དང་འབྲེལ་བའི་མཐོང་ཐོས་འགའ། 
   དེབ་འདི་ནི་ ༢༠༡༦ ལོའི་ཟླ་དྲུག་པའི་ནང་དུ་ཧྲིན་ཀྲུན་(深圳极业集团出版社)གྱི་པར་ཁང་ཞིག་ཏུ་ཐོག་མར་པར་འདུག་ལ། ༢༠༡༧ ལོ་བོད་ནས་འཕྲིན་སྟེགས་ཤིག་བརྒྱུད་བོད་འགྱུར་དྲིས་ལན་ཁ་ཤས་བཀླགས་མྱོང་།  རིམ་བཞིན་ད་ལྟའི་བར་དྲྭ་རྒྱའི་འཕྲུལ་དེབ་བརྒྱུད་རྒྱ་ཡིག་གི་ལམ་ནས་གང་མཚམས་ཤིག་བཀླགས་གྲུབ་སོང་།  སྤྱིར་ ༢༠༡༨ ལོར་བོད་ནས།  བོད་འགྱུར་ཞིག་ཡོད་པ་ལྟ་བུ་འཕྲིན་ཕྲན་(Wechat)དུ་གོ་མོད།  ལག་པར་ཡོང་མ་སོང་། ད་ཐེངས་དུས་ཚོད་ཤིན་ཏུ་འོས་འཚམས་ཤིག་ཏུ་གདན་ས་ཁྱད་པར་ཅན་འདི་ནས་དེབ་འདི་མཇལ་བའི་སྐལ་བ་ཐོབ་པ་དང་།  སྟབས་ལེགས་པ་ཞིག་ལ་འགོ་མཇུག་བར་གསུམ་ཆ་ཚང་ཞིག་སྒྱུར་མཁན་དང་དེབ་བླུ་ས་ཚུན་ཆད་ཀྱི་བཀའ་དྲིན་ལ་བརྟེན།  ཚར་གཅིག་བཀླགས་གྲུབ་སོང་། མ་གཞི་དེབ་འདིའི་བརྒྱུད་རིམ་ནི་གླེང་བརྗོད་དུ་གོ་ཐུབ་པས།  འདིར་དམིགས་བསལ་གྱིས་འོས་སྦྱོར་བྱེད་པའི་ངལ་བ་མི་བརྟེན་ལ།  གང་བཤད་བསམ་པ་ནི།  བོད་འགྱུར་གྱི་དེབ་འདི་ཀློག་མཁན་གྱི་གྲངས་ཀ་ག་ཚོད་ཡོད་པ་དང་།  ལྷག་ཏུ་མི་སྣ་ཆེན་པོ་དག་གི་ཁྲོད་དུ་ག་ཚོད་ཡོད་དམ་བསམ་པའི་རི་བོང་གནམ་རྡིབ་ལྟ་བུའི་སེམས་ཁྲལ་འདི་རེད།  ཕྱོགས་གཞན་ཞིག་ནས་བསམ་ན་བོད་པའི་བླ་མ་ཞིག་གི་དེབ་འདི་ལྟ་བུ།  མི་རིགས་གཞན་ཞིག་གིས་བསྐྲུན་པ་དང་།  དེ་ལས་ཀྱང་ཀློག་པ་པོ་དང་དཔྱད་བརྗོད་འབྲི་མཁན་ཕལ་མོ་ཆེ།  མི་རིགས་གཞན་ཞིག་ཡིན་པའི་གནད་འགག་དེ་རེད་ལ།  དཔེར་ན་豆瓣དྲྭ་ཚིགས་ལྟ་བུ་གཅིག་པུ་ངོས་ཀྱི་གདེང་འཇོག་གམ་དཔྱད་བརྗོད་ ༣༢༧༩ འདི་ལྟ་བུ་ལ་བསམ་ན། «དྲི་བ་བརྒྱད་ཁྲི་བཞི་སྟོང་།» འདི་ལ་ང་ཚོ་ཧི་མ་ལའི་རི་རྒྱུད་དང་བཅས་པའི་བོད་རིགས་ཀློག་པ་པོ་ག་ཚོད་ཡོད་པའི་དོགས་པ་དེ་རེད། 

༣. མྱོང་ཚོར། 
   མ་གཞི་མྱོང་ཚོར་ཟེར་བ་ནི། ཚོར་བ་རང་འབྲི་དགོས་སམ།  ཡང་ན་བློ་སྐྱེད་དང་གཞན་དག་ཀྱང་དེའི་ནང་དུ་འཐུས་དགོས་སམ།  གང་ལྟར་སྡིངས་ཆ་འདི་ང་རང་ལ་དབང་བས་རང་གིས་གང་འདོད་ཞིག་འབྲི་བར་བྱེད།  དེབ་འདི་བཀླགས་པ་དང་ནང་ཆོས་ནི། འཆར་ཡན་གྱི་འཚོ་བ་དང་རྙོག་འཛིང་ཅན་གྱི་འཁོར་བའི་ཡ་མཐའ་ན་མ་མཐའ་བར་དུ་འཐིམས་ནས་ཡོད་པ་ཧ་གོ་ལ།  ནང་སེམས་ཀྱི་ཉམས་ལེན་དག་ལ་ཡག་པོ་ཞིག་སྙོབ་ཐུབ་ན།  རྩེད་ཆས་ལྟ་བུའི་འཁོར་བ་ལ་རྩེད་མོ་སྐྱིད་ཐག་ཆོད་ཅིག་རྩེད་ཆོག་པ་དང་།  ཡང་ན་རིན་ཐང་དེ་ཤེས་ན་ཕོར་བའི་ནང་གི་ཆུ་ཐིགས་པ་གཅིག་གི་དྲིན་ཡན་ཆོད་ཚོར་ཐུབ་པ་དང་།  ང་ཚོ་མི་རིགས་ཀྱིས་ཐ་མར་བགྲང་བའི་ཐ་ན་ཆང་ཁང་དང་སྨད་ཚོང་ཁང་ཡན་ཆད་ནས།  ནང་ཆོས་སམ་བདེན་དོན་ལ་གོ་རྟོགས་དང་དད་པ་གསར་བ་རེ་སྐྱེད་ཐུབ། ལྷག་ཏུ་གཟན་ཤམ་གྱོན་མིན་དང་གྲྭ་བ་ཡིན་མིན་གྱི་ཁྱད་པར་གང་ཡང་མེད། ད་དུང་གཞི་རྩའི་ཀུན་སློང་དང་བདེན་པ་འཚོལ་བའི་འདུན་པ་འཕྱུག་མེད་ན་དཔེར་ན་འཛམ་གླིང་ན་སྐད་གྲགས་ཆེ་བའི་གླུ་མ་ལེ་ཌི་གྷ་གྷ་(Lady Gaga)དང་། ཚོང་རྟགས་གྲགས་ཅན་ནའིཀ་(Nike耐克)ལྟ་བུའི་ཐབས་ལམ་བརྒྱུད་ཆོག་ལ།  ཆོས་ཕུང་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཙམ་གྱིས།  སངས་རྒྱས་ཀྱིས་ཤེས་རབ་ཀྱང་དེ་ག་རང་ཡ་མཚན་དང་ཁྱད་དུ་འཕགས་པ་ཞིག་ཡིན་པ་མཚོན་ཐུབ་པར་ཤེས་སུ་འཇུག   གུ་ཡངས་པའི་མཚོན་ཐབས་དེ་དག་གིས་དག་སྣང་གི་རིན་ཐང་ལྟ་བའི་མཚོན་པས།  སྤྱིར་བཏང་གི་རྣམ་དཔྱོད་ལས་བརྒལ་བའི་ནང་ཆོས་ཀྱི་རིན་པོ་ཆེ་དག་འཚོ་བ་དང་ཁ་ཐག་ཉེ་རུ་གཏོང་འདོད་པ་དང་།  གཏོང་དགོས་ན་དེབ་འདི་ལྟ་བུའི་ནང་དུ་སྦྲུམ་པའི་ཤེས་རབ་དག་འཚོལ་དགོས་པར་སྙམ་ལ།  དུས་ཚོད་དང་འཚམས་པའི་ནང་ཆོས་ཀྱི་གཏེར་ཁ་སྔོག་དགོས་ན།  དེབ་འདིའི་ནང་དུ་མ་མཐའ་ཡང་སྟབས་བདེའི་དུས་སྲོལ་ལྟ་བུའི་ལག་ཆ་མང་པོ་ཞིག་འདུག ཡིན་ནའང་དེབ་འདིར་བཀོད་པའི་དྲུང་པ་རིན་པོ་ཆེའི་སྐོར་གྱི་དུམ་ཚན་ཐུང་ཐུང་ཞིག་ཏུ་གསུངས་པ་ལྟར་ཕྱིའི་ཆ་ལུགས་ཀྱིས་ནང་གི་གོ་རྟོགས་མི་མཚོན་པས་། ཕྱི་ཚུལ་གྱིས་རྫོང་སར་རིན་པོ་ཆེ་ལྟ་བུ་ཅི་ལྟར་འཁྲབ་ནའང་ནང་གི་རྟོགས་པས་མ་སྙོབས་ན།  སྟག་གི་རྗེས་སུ་ཝ་མོ་མཆོང་ན་ཝ་མོའི་སྐེད་ཚིགས་ཕུད་པའི་ཉེན་ཁ་ཅིས་ཀྱང་ཡོད་དོ་སེམས་སོ།། 

༥. དགོངས་དག་དང་རེ་བ། 
   སྒྱུར་པ་པོས་མཇུག་གཏམ་དུ། “དགོངས་འཆར་ལྷུག་པོར་ཡོང་བའི་”ཞེས་པ་ལྟ་བུའི་རེ་བ་ཡོད་ན་འང་།  སྤྱིར་ང་རང་ལ་ཚད་མཐོན་པོ་མེད་པའི་ཁར།  སྐོམ་ཐག་ཆོད་པའི་སྐབས་ཤིག་ལ་བཏུང་བ་ཕོར་བ་གང་སྤྲད་ན།  བཏུང་བ་དེར་ས་རྡུལ་ཡོད་མེད་སོགས་ཀྱི་ཞིབ་འཇུག་མེད་པ་ཧུབ་ཀྱིས་བཏུང་བ་ལྟར།  ང་རང་གི་དེབ་འདི་བཀླགས་པའི་བརྒྱུད་རིམ་ཡང་དེ་ག་རང་ཡིན་པས། སྒྱུར་པ་པོ་ལ་དགོངས་དག་ཞུ་བ་དང་ཆབ་ཅིག བསྐྱར་དུ་ཞིབ་ཀློག་གི་གོ་སྐབས་ཐོབ་ན་བསམ་ཚུལ་གང་ཡོད་ཞུ་ཆོག རེ་བ་ནི “འདི་ནི་གནད་འགག་ཡོད་པའི་དྲི་བ་ཆེན་པོ་ཞིག་རེད།  ངས་ཀྱང་ཆེད་དུ་བརྗོད་གཞི་འདི་རང་ལ་དཔྱད་བརྗོད་བྱེད་པའི་དེབ་ཅིག་འབྲི་བཞིན་ཡོད།” (༢)ཅེས་གསུངས་པ་བཞིན་དེབ་དེ་མགྱོགས་མྱུར་ངང་བཀླག་ཐུབ་པའི་རེ་བ་དང་།  རིན་པོ་ཆེས་དགའ་སའི་གློག་བརྙན་(Stalker 潛行者)ལ་ཐེངས་གཅིག་ལྟ་ཐུབ་པའི་རེ་བ་བཅས་བཀྲ་ཤིས་བདེ་ལེགས། གདན་ས་ཆེན་མོ་རྣམ་གྲོལ་གླིང་དུ་གྲུབ་པ་དགེའོ།།



_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།