རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 30 March 2021

«དྲི་བ་བརྒྱད་ཁྲི་བཞི་སྟོང་»གི་བཀླགས་བྱང་རགས་རིམ།

ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


རྫོང་སར་མཁྱེན་བརྩེའི་རིན་པོ་ཆེའི་གསུང་རྩོམ་«དྲི་བ་བརྒྱད་ཁྲི་བཞི་སྟོང་»རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ན་འབྱོར་འདུག དེ་རིང་དངུལ་ཏོག་ཙམ་ཡོད་པ་དང་དཔེ་དེབ་གསར་པ་མཐོང་བ་གཉིས་དུས་གཅིག་ཏུ་འགྲིག་ནས་སྟབས་ཀ་ལེགས་སོང་བས། ཚམ་ཚོམ་ཅི་ཡང་མེད་པར་དཔེ་དེབ་དྲི་བ་བརྒྱད་ཁྲི་བཞི་སྟོང་འདི་ཉོས་བཞག་པ་ཡིན།

    ཉོས་ནས་ཀྱང་དེབ་ནང་གི་ཚན་པ་ཁ་ཤས་ཀློག་གིན་ཀློག་གིན་ཚོར་སྣང་ཞིག་བྱིན་ཡོང་བ་ནི། དེབ་འདིའི་ནང་གི་དྲི་བ་འགོད་མཁན་རྒྱ་རིགས་སློབ་མ་རྣམས་དང་།  ལན་གནང་མཁན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བར་གྱི་དྲི་བ་དྲི་ལན་གནང་སྟངས་དེ་ཆེས་དམིགས་བསལ་བའམ་སྣང་བར་འགྲོ་བོ་ཞིག་རེད།

    རྒྱ་རིགས་སློབ་མས་དྲི་བ་འགོད་སྟངས་ནི། ནམ་རྒྱུན་ང་ཚོས་བགྲོ་གླེང་ནང་དུ་དྲི་བ་འགོད་པ་ལྟར། ཡོད་ཚད་མེད་ཚད་གཞུང་ལུགས་ལ་ཕར་སྦྱར་ནས་བཙན་དབང་གིས་འདྲི་བ་མིན་པར། རང་ཉིད་ཀྱི་ཚོར་སྣང་ལ་ཚུར་སྦྱར་ནས་རང་དབང་གིས་དྲི་བ་འདྲི་བཞིན་འདུག་པས། འདྲི་སྟངས་འདིས་རང་གི་དོགས་པ་སེལ་ཐབས་ལ་ཕན་ཐོགས་ཆེ་བ་ཡོད་པར་སྙམ། གཞུང་ལུགས་ནང་གི་སྐད་ཆ་དེ་དག་མི་སྣ་གཞན་ཞིག་གི་སྐད་ཆ་ཡིན་པས། ང་ཚོས་མི་སྣ་གཞན་གྱི་བར་ལ་རྙོག་འཛིང་གི་འགལ་འདུ་བཟོ་བའམ། ཡང་ན་འགལ་མེད་དུ་སྒྲུབ་པ་ལས། ང་རང་ཚོའི་སེམས་ནང་གི་ཚོར་སྣང་དངོས་མ་འདིའི་དོགས་པ་སེལ་བ་ལ་བརྩོན་ལེན་བྱ་རྒྱུ་འདི་འོས་ཤིང་འཐད་པ་མཐོང་། 

    དེ་མཚུངས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ལན་གནང་སྟངས་དེ་ཡང་། ཕ་རོལ་དྲི་བ་འགོད་པ་པོའི་སེམས་ནང་གི་དོགས་པ་ངོ་མ་དེ་སེལ་ཐབས་ལ་གནད་དུ་དམིགས་ཏེ། ལས་དང་པོ་པས་གོ་ཁག་པའི་གཞུང་ལུགས་ནང་གི་ཀུན་རྫོབ་དང་དོན་དམ་ཟེར་བའི་ཐ་སྙད་རྫིག་པོ་རྫིག་པོ་དག་ཕར་བཞག་ནས།  མཐོང་ཆོས་མྱོང་འགྱུར་གྱི་དཔེ་མཚོན་རེ་རེ་དང་ཐུན་མོང་དུ་སྤྱོད་སྒོ་ཆེ་ཞིང་གོ་སླ་བའི་མིང་བརྡ་རེ་རེའི་ལམ་ནས་ནང་ཆོས་ངོ་ཤེས་སུ་འཇུག་པ་རེད། 

    དྲི་ལན་གནང་སྐབས་རིན་པོ་ཆེ་ཁོང་དང་དངོས་སུ་ཐུག་འཕྲད་བྱུང་བའི་མི་སྣའི་གཏམ་རྒྱུད་དངོས་བྱུང་དང་སྦྲགས་ནས་གསུང་བ་མ་ཟད། མཚམས་རེར་བཟོད་པ་སྒོམ་མི་ཐུབ་པའི་གནས་ཚུལ་འབྱུང་གི་ཡོད་པ་རིན་པོ་ཆེ་རང་ཉིད་དང་སྦྱར་ནས་གསུང་བ་མ་གཏོགས། ཁོང་ནི་སྐྱོན་ཀུན་ཟད་དང་། ཡོན་ཏན་ཀུན་ལྡན་ཡིན་མདོག་གིས་ཕྱི་ཚུལ་ཟོག་པོ་འཁྲབ་མཁན་གྲས་དེ་གཏན་ནས་མིན་པ་ང་ཚོས་ཤེས་ཐུབ་ཀྱི་འདུག་པས། དུས་རབས་ཀྱི་སྟོན་པ་ཟེར་ནའང་བླ་མ་ཁོང་ལྟ་བུ་ལོས་ཡིན་བསམ་པའི་ཚོར་སྣང་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེས་འོང་།

   ངའི་ཡིག་ཉོག་འདི་ནི་«དྲི་བ་བརྒྱད་ཁྲི་བཞི་སྟོང་»ནང་གི་ནང་ཆོས་ངོ་ཤེས་པ་ཞེས་པའི་ལེའུ་དེ་རགས་ཀློག་བྱས་པའི་བཀླགས་བྱང་རགས་རིམ་ཙམ་ཞིག་ཡིན་གྱི། དེབ་ཀྱི་ནང་དོན་ལ་དཔྱད་ཞིབ་བྱས་པའི་དཔྱད་བརྗོད་མཐིལ་དུ་ཕྱིན་པ་དེ་འདྲ་མིན་ནའང་།  རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་རབ་བྱུང་ན་དེབ་འདི་ལ་དཔྱད་བརྗོད་དང་།  མ་བྱུང་ནའང་བཀླགས་བྱང་རེ་འབྲི་བའི་བརྡ་བསྟན་པ་ཙམ་མོ། །༢༠༢༠/༠༣/༣༡


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།