རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 31 March 2021

མཁན་ཆེན་གྱི་བྱིས་སྒྲུང་དེབ་ལྔ་ལ་ཕུལ་བའི་དྲྭ་དམངས་ཀྱི་སྙན་རྩོམ་ཆེད་འགོད།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བྱིས་སྒྲུང་གི་དེབ་གསར་ལྔ་ཐོན་མ་ཐག དྲྭ་ལམ་དུ་ཤིས་བརྗོད་དང་ཡི་རངས་ཀྱི་གཏམ་སྟོང་ཕྲག་མང་པོ་དུས་གཅིག་ཏུ་སྤེལ་བའི་ཁྲོད། སྙན་རྩོམ་ཁ་ཤས་ཤིག་འདིར་འོས་སྦྱོར་བྱའོ།། 


༡. དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།

མྱི་རྐང་། (ཁྱུང་མཆུ།)

ཕྱོགས་ཞེན་དར་ཆེན་ཕྱར་ནས་མ་བརྒྱུགས་ཤིང་།།
གྲུབ་མཐའི་ལ་རྒྱ་ཟེར་ནས་མ་བསྲན་པའི།།
མཐུན་སྒྲིལ་དུང་དཀར་འབུད་པའི་དགེ་སློང་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

རྟེན་བཞེངས་ཟེར་ནས་རང་དོན་མ་བསྒྲུབས་ཤིང་།།
ཆོས་ཚོགས་ཟེར་ནས་ཚོང་ལས་མ་སྤེལ་བའི།།
གཞན་དོན་ཁོ་ནར་བྲེལ་བའི་དགེ་སློང་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

གསེར་ཁྲི་གང་མཐོ་བརྩད་ནས་མ་བཞུགས་ཤིང་།།
འཁོར་སློབ་སུའི་མང་འགྲན་ནས་མ་བསྡད་པའི།།
བསྟན་པའི་ཁུར་ཆེན་ཐེག་པའི་དགེ་སློང་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

ནང་བསྟན་མཁྱེན་ཀྱང་ང་རྒྱལ་མི་བྱེད་ཅིང་།།
ཚན་རིག་རྟོགས་ཀྱང་རྒྱགས་པ་མི་འཕེལ་བའི།།
འཛམ་གླིང་རིག་པས་བསྐོར་བའི་སྐྱེས་ཆེན་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

ཁ་བཤད་རྐྱང་བས་མི་སེམས་མ་བཏུལ་ཅིང་།།
ལག་ལེན་གནད་ཀ་སྤྱི་དོན་ལ་བརྩོན་པའི།།
སྤོབས་པ་རི་ལྟར་ཆེ་བའི་དགེ་སློང་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

སྟོབས་འབྱོར་མངའ་ཐང་ཨེ་རྙེད་མ་བལྟས་ཤིང་།།
སྙན་དང་གྲགས་པ་ཨེ་རྒྱས་མ་བསམ་པར།།
བྱམས་བརྩེའི་གདུགས་དཀར་ཐོགས་པའི་དགེ་སློང་ཞིག།
དུས་ཀྱི་སྟོན་པ་ཚུལ་ཁྲིམས་བློ་གྲོས་ཡིན།།

འདི་ལྟར་སོ་སྐྱེས་ནང་གི་སོ་སྐྱེས་ངས།།
རྟོག་བཏགས་འཇའ་ཡི་ལང་ཚོ་དོར་དང་ནས།།
དྲིན་ལྡན་བླ་མའི་མཛད་པའི་ཆ་ཤས་ཙམ།།
ཆུ་བུར་མིག་གིས་མཐོང་ཚད་ཤར་མར་བྲིས།།


༢. ཤེས་རབ་ཀྱི་འཐུས་མི་སྣ་བོ་ཆེ།  

འགན་འཁྲི།

ངུར་སྨྲིག་གོས་ཀྱི་གྲིབ་བསིལ་འོག་ནས་ཚུལ་ཁྲིམས་དྲི་བཟང་ངད་པར་འཐུལ།།
སྣ་མང་རིག་པའི་གཞུང་ལུགས་ཁྲོད་ནས་དོན་དམ་དཔྱོད་པའི་བློ་གྲོས་རྒྱས།།
ཆོས་རིག་གནད་ཀྱི་སྙིང་པོ་མ་ལུས་རིག་བརྩོན་ཧུབ་ཀྱིས་རྔུབ་པ་པོ།།
མཁས་བཙུན་བཟང་བོའི་གོ་ཆ་ཅན་ཁྱོད་བྱང་ཆུབ་བར་དུ་སྐྱབས་སུ་བསྟེན།།

བསྟན་པ་འདི་ལ་ཉམས་གུད་བྱུང་དུས་ཁྱེད་ནི་སྟོན་པ་ཁེར་བྱོན་ཞིག།
སྐད་ཡིག་གན་ལ་གོད་ཆག་ཤོར་དུས་ཁྱེད་ནི་དབྱངས་གསལ་འཕྲུལ་གྱི་མཛོད།།
གངས་རིའི་ལས་དབང་གུད་ལ་ཕྱོགས་དུས་ཁྱེད་ནི་ཁ་བའི་སྲུང་མ་སྟེ།།
བསྟན་དོན་ཟབ་ལ་རིགས་ཞེན་མཐོ་བའི་བུ་རྒོད་ཁྱོད་འདྲ་མང་པོ་མིན།།

ངན་པའི་ཇུས་ཀྱིས་སྐུ་ལ་བདོ་རུང་མི་འཇིགས་སྟག་གི་སྙིང་ཤ་ཅན།།
བསམ་སྦྱོར་སྡང་བས་གསུང་ལ་སྒྲིབ་ཀྱང་ཡོལ་མེད་སྣང་བའི་འོད་པོ་ཆེ།།
ལོག་ལྟ་དུག་ལྕེས་ཐུགས་ལ་གུས་ཀྱང་ཞུམ་མེད་དཔའ་བོ་ཁེར་འགྲོས་ཤིག།
སྤོབས་པའི་གཡུ་རལ་གངས་ལ་གསིག་དུས་མཁས་རློམ་ཝ་ཚོགས་ཟིལ་གྱིས་གནོན།།

ཐུ་བྷོད་བཙན་པོའི་ཤུལ་རྗེས་སྙེག་སྟེ་ཁ་བ་རི་པའི་སྲོལ་བཟང་སྐྱོང་།།
ཤར་ནུབ་བཅད་པའི་ཐིག་མཚམས་བརྒལ་ནས་གཉིས་ཕན་དབུ་མའི་ས་བོན་བཏབ།།
གླིང་ལྔ་མཚོ་བཞིར་ཞབས་ཀྱིས་བཅགས་ཏེ་འགྲོ་ཕན་སྙིང་རྗེའི་ཆོས་སྐལ་སྩོལ།།
རླབས་ཆེན་མཛད་པ་གངས་ལ་བསྟིམ་པའི་རིགས་ཀྱི་ཁྱུང་ཆེན་སྲིད་ན་མཐོ།།

བསྟོད་བཀུར་ངག་གིས་ཕྲེང་བར་བརྒྱུས་རུང་ངར་རྒྱལ་མགོ་བོ་མ་འཕར་ཟིག།
ངན་གཡོའི་གཏམ་གྱིས་སྲིད་པར་འགེང་རུང་རིགས་འདི་ཐུགས་ཀྱིས་མ་བོར་ཟིག།
ཡོད་ཚད་མིང་དང་ཐོབ་ལ་འདུར་བའི་ཉེར་གཅིག་དུས་ཀྱི་སྒལ་གཞུང་ནས།།
ཁྱེད་ནི་དེ་སོགས་ཀུན་གྱིས་དབུལ་བའི་གདོང་དམར་མི་ཡི་ཁ་ལོ་པ།།


༣.

བོད་ལྕེ།

བླ་མ་མཆོག་གིས་མཛད་པ་ཡི།།
ཚིག་མཛོད་རིག་པའི་བསྡུས་དོན་དང་།།
བྱིས་སྒྲུང་གསར་པའི་དཔེ་དེབ་ལྔ།།
པར་སྐྲུན་བྱུང་བ་དགའ་བ་ལ།།

ཁྱིམ་བདག་དགེ་རྒན་ཚོང་པ་ཚོས།།
མ་བསླུས་ཆག་སྒོའི་དེད་ལེ་རེད།།
ཕ་མ་བྱིས་པ་བུ་རྫི་ཚོས།།
མ་བལྟས་བསོད་ནམས་ཟད་ལེ་རེད།།

བསམ་ཞིང་བླ་མའི་ཐུགས་རྗེ་དྲན།།
དད་གདུང་ཁོག་པའི་དྲོད་ལ་སིམ།།
དཔྱད་ཅིང་བླ་མའི་ཡོན་ཏན་དྲན།།
མོས་གུས་མིག་མཐའི་ཆུ་དང་འདྲེས།།

སྐུ་ཚེར་བར་ཆད་མི་འབྱུང་བའི།།
གསོལ་འདེབས་མགྲིན་པའི་དབྱངས་ལ་བསྒྱུར།།
མཛད་འཕྲིན་མཐའ་རུ་ཕྱིན་པའི་ཕྱིར།།
སྨོན་ལམ་དད་པའི་སོར་རྩེས་སྐྱོར།།


༤.

རྟ་ནག་ལུང་རིགས།

ཉམ་ཐག་དུད་འགྲོའི་མགོན་དང་དཔུང་གཉེན་དུ།།
བསམ་བཞིན་བྱོན་པའི་རྒྱལ་སྲས་སེམས་དཔའ་ཆེ།།
བཟོད་དང་བརྩོན་པའི་གོ་ཆ་བཙན་པོ་ཅན།།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཕྱག་གི་ཡུལ།།

ཕྲག་དོག་མདའ་དང་དམོད་པའི་ཚིག་ལན་ལ།།
ཁྲོ་བའི་ཚིག་ཙམ་སྨྲ་བར་མི་ནུས་ཤིང་།།
སྡང་བའི་ཟུར་མིག་གིས་ཀྱང་མི་བལྟ་བ།།
ཤཱཀྱའི་དགེ་སྦྱོང་ཁྱེད་ཉིད་སྙིང་རྗེ་ཡུལ།།

གང་དང་གང་དུ་སྟོང་ཆ་ཡོད་ས་དེར།།
དེ་དང་དེ་རུ་ཁྱེད་ཀྱི་འཕྲིན་ལས་ཡོད།།
དམོད་དང་སྤྱོ་བས་ཕམ་པར་མི་ནུས་པ།།
བོད་ཀྱི་རུ་འདྲེན་ཆེན་མོར་སྐྱབས་སུ་མཆི།།

བྱིས་སྒྲུང་བྲིས་ནས་བྱིས་པའི་སློབ་གསོ་སྒྲུབ།།
ཨེ་འགོག་གསུངས་ནས་ནད་ཡམས་སྔོན་འགོག་མཛད།།
ལག་རྩལ་བསླབས་ཏེ་དམངས་ལ་སོ་ཚིས་སྒྲུབ།།
སྤྱི་ཕན་ཟླ་བ་དཀར་བོར་སྐྱབས་སུ་མཆི།།

ད་དུང་ཁྱེད་ཀྱི་སྐུ་ཚེ་བརྟན་དགོས་ཡོད།།
ཁྱེད་ཀྱི་འཕྲིན་ལས་མུ་རུ་རྒྱས་དགོས་ཡོད།།
ཁྱོད་དང་ཁྱོད་འདྲའི་ལུགས་གཉིས་ཁ་ལོ་བ།།
མེད་ན་མི་ཆོག་ཉུང་ནའང་མི་འགྲིག་གོ།།

ཁྱེད་སྐུ་ཉི་མ་གསར་བའི་སྒོ་དྲུང་ན།།
ལྷེམ་ལྷེམ་འདར་བའི་སྲིན་བུ་མེ་འཁྱེར་ཚོ།།
བཤད་རྒྱུ་མང་ལ་ལས་རྒྱུ་མེད་པ་དག།
གཉིས་ནི་མི་དགོས་གཅིག་ཀྱང་མི་མཁོའོ།།


༥.

མཁན་པོ་ཀར་འགྲུབ།

རིགས་ཀྱི་སྤྱོད་བཟང་བོར་ལ་ཉེ་དུས་ཁྱེད་ནི་སྟོན་པ་ཤཱཀ་ཐུབ་ཡིན།།
མགོན་མེད་དུད་འགྲོའི་ཚེ་སྲོག་སྐྱོབ་ཉིན་ཁྱེད་ནི་སྤྱན་རས་གཟིགས་དབང་ཡིན།།
གསོ་མེད་ཨེ་ཛི་སྒོ་ལ་ཐོན་ཉིན་ཁྱེད་ནི་སངས་རྒྱས་སྨན་ལྷ་ཡིན།།
མདོ་མེད་བོད་པས་རང་སྐད་དོར་ཉིན་ཁྱེད་ནི་རྗེ་བཙུན་འཇམ་དབྱངས་ཡིན།།
བསམ་མེད་བྱིས་པ་གཞན་དུ་འགྱུར་ཉིན་ཁྱེད་ནི་ཐོན་མི་ཨ་ནུ་ཡིན།།
རིགས་ཀྱི་བདེ་སྡུག་ཕྲག་ལ་ལེན་ཉིན་ཁྱེད་ནི་གེ་སར་སེང་ཆེན་ཡིན།།
ནང་གི་ཕུ་ནུའི་སྡང་མིག་འོག་ན་ཁྱེད་ནི་སྡར་མ་ཁྲོ་ཐུང་ཡིན།།
ཕྱི་ཡི་དགྲ་བོས་ཐུབ་ཚོད་གཏོང་ཉིན་ཁྱེད་ནི་རྒྱ་ཚ་ཞལ་དཀར་ཡིན།།
གལ་ཆེན་དོན་གྱི་ཐབས་ལམ་བཙལ་ཚེ་ཁྱེད་ནི་ཨ་ཁུ་སྤྱི་དཔོན་ཡིན།།


༦. དགུན་ཟླ་བཅུ་བའི་འོ་ཐུག 

རྫ་པད།

གཙག་སེར་བུས་ས་གས་རྡོ་བ་གས།། 
ཕོ་རི་སྤྱང་གདོང་པ་གས་དུས་འདིར།།
དྲོད་སྣང་བ་བག་ཙམ་སྟེར་བ་ཡི།།
རྗེ་ཁྱེད་ཀྱི་མཛད་པ་བཀའ་དྲིན་ཆེ།། 

ཁུ་ན་བུན་རྨུགས་ཤིང་འཐིབས་པ་དང་།། 
རླུང་ལྷགས་པ་ཆེ་ཞིང་གྲང་བ་དང་།། 
སྐྱི་སེར་བུའི་རེག་བྱ་ཚ་བའི་དུས།། 
གོས་སློག་པ་བྱིན་ན་སུ་མི་དགའ།།

འདི་དགུན་ཟླ་བཅུ་བའི་འོ་ཐུག་ཡིན།། 
ཆུང་བེའུ་རྣམས་ཀྱིས་འདི་ཐུངས་ཤིག། 
ཕྱུག་རུ་མ་གཉིས་ཀྱི་རྩ་བ་རྣམས།། 
རྐྱེན་གོད་ཀ་མེད་པར་ལག་ཆགས་དགོས།།

ངས་རྫ་བེ་རྫོབ་བེ་ལར་མི་ཤེས།།
གཡོ་ཁྲམ་གཤོམ་དེ་བས་ཅང་མི་ཤེས།།
ཞེར་དྲན་ཚད་ཁ་ནས་ཐོན་པ་ཡིན།། 
འཕྲོད་མེད་ས་ཡོད་ན་དགོངས་དག་ཞུ།།




_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།