༡༽ ཐོག་མའི་གཏམ།
དེང་སང་ཅུང་ཁོམ་པ་ཡོད་པའི་དུས་ཚོད་འདིར། རང་ཉིད་ཀྱི་སྒེར་དོན་འབའ་ཞིག་གི་ཆེད་དུ་དུས་ཚོད་བཀོལ་རྒྱུ་མིན་པར། སྐབས་རེར་ཁྱེད་དྲ་གྲོགས་རྣམས་ལའང་སྐད་ཆ་ཚིག་འགའ་བཤད་ན་ཅུང་དགེ་ཕན་རེའང་ཡོད་སྙམ་ནས། ཐེངས་འདིར་དཔེ་ཀློག་གི་སྐོར་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
ཕྱིར་འདང་ཞིག་བརྒྱབ་ན། ཁོ་བོ་འདི་གའི་མཐོ་སློབ་ཆེན་མོར་འཛུལ་ཞུགས་བྱས་ནས་བཟུང། ལོ་རིམ་དྲུག་པ་མ་སླེབས་བར་གྱི་དུས་ཚོད་དེ་དག་ནི། དཔེ་ཀློག་ལ་སྤྲོ་བ་དང་གོམས་གཤིས་ཧ་ཅང་གིས་ཆེན་པོ་ཞིག་ཡིན། ལོ་རིམ་དྲུག་པ་ཙམ་ནས་བཟུང་རྩོམ་སྒྲིག་གི་ལས་འགན་ལྕི་བ་དང་། གཞུང་ལུགས་སྦྱོང་རྒྱུར་སྤྲོ་བ་ཆེ་བའི་ཁར། དེའི་རྗེས་ནས་སྐྱོར་སྦྱོང་བྱེད་དགོས་པ་སོགས་ཀྱིས་རྐྱེན་པས། དཔེ་ཀློག་ལ་དུས་ཚོད་མང་པོ་ཞིག་སྤྲོད་མ་ཐུབ་པ་རེད། ངས་འདི་ནས་ཞུ་བཞིན་པའི་དཔེ་ཀློག་ཅེས་པ་དེ་ནི། མཐོ་སློབ་ཆེན་མོའི་གཞུང་ལུགས་སློབ་ཚན་མིན་པར་ཟུར་ལྟའི་དཔེ་དེབ་སྟེ། སྙན་ངག། སྒྲུང་རྩོམ། དཔྱད་རྩོམ། བསྒྱུར་རྩོམ། རྟོགས་བརྗོད། ལོ་རྒྱུས། སློབ་གསོ་སོགས་ཀྱི་སྐོར་རེད། གཤམ་ནས་ངའི་དཔེ་ཀློག་སྐོར་གྱི་བརྒྱུད་རིམ་རེ་རེ་ནས་གླེང་རྒྱུ་ཡིན།
༢༽ ངས་དཔེ་དེབ་ཇི་ཙམ་བཀླགས་ཡོད་དམ།
ཁྱོད་ཀྱིས་ངས་དཔེ་དེབ་ཇི་ཙམ་བཀླགས་ཡོད་ན་སྙམ་སྲིད་པ་རེད། ངས་གསལ་པོར་ཞུ་ཆོག ཕལ་ཆེར་ལོ་ངོ་ལྔ་ལྷག་ཙམ་རིང་གི་འཛིན་གྲྭ་འཚོག་སྐབས་ཀྱི་བར་གསེང་དང་། སྔ་དགོང་། དེ་བཞིན་ལོ་གཅིག་གི་གུང་གསེང་ཟླ་བ་གཉིས་ཀྱི་རིང་སོགས་ལ་དུས་ཚོད་ཁོམ་པ་ཡོད་ཚད་བཙལ་ནས། ལོ་ངོ་དེ་དག་གི་རིང་ངས་དཔེ་དེབ་ ༡༦༠ ལྷག་ཙམ་བཀླགས་ཡོད། ད་ལྟ་ང་ལ་ཉིན་ཐོ་འབྲི་དེབ་རྙིང་པ་ཞིག་ཡོད་པ་དེའི་མཇུག་ཏུ་དཔེ་དེབ་བཀླགས་ཟིན་པའི་ཐོ་གྲངས་ ༡༠༠ ཙམ་ཞིག་འཁོད་འདུག འོན་ཀྱང་བཀླགས་ཟིན་པའི་ཐོ་གྲངས་ཆ་ཚང་འཁོད་མ་ཐུབ། སྐབས་དེ་དུས་ཁྱེད་རྣམ་པ་ལ་འདི་ལྟ་བུའི་རྩོམ་ཡིག་ཅིག་བྲིས་ནས་སྟོན་དགོས་སྙམ་པའི་བསམ་བློ་མེད་སྟབས། དཔེ་དེབ་བཀླགས་པའི་ཐོ་ཡོངས་རྫོགས་འགོད་ཐུབ་མེད་པ་རེད། གལ་ཏེ་ཁྱོད་རང་དཔེ་དེབ་ཀློག་མཁན་ཞིག་ཡིན་ན། བཀླགས་ཟིན་པའི་དཔེ་དེབ་ཀྱི་མིང་། རྩོམ་ལུས། རྩོམ་པ་པོ་བཅས་ཀྱི་ཐོ་གྲངས་ངེས་པར་དུ་བཀོད་ནས་ཉར་ཚགས་གནང་རོགས། རྗེས་ནས་དེའི་སྐོར་ལ་རྩོམ་ཡིག་ཅིག་འབྲི་ཆོག་པ་རེད།
༣༽ ང་ལ་དཔེ་དེབ་གང་ནས་རག་གི་ཡོད་དམ།
ཁྱོད་ཀྱིས་དྲན་སྲིད་པ་རེད། དཔེ་དེབ་དེ་འདྲ་མང་པོ་ག་བ་ནས་རག་པ་ཡིན་ནམ། ཐུགས་ཁྲལ་མ་གནང་དང་ངས་གསལ་པོར་ཞུ་ཆོག ཐོག་མའི་དུས་སུ་ང་ལ་དཔེ་དེབ་ཡོང་ས་ནི་གཞིས་གྲོང་དང་པོའི་«གཉའ་ཁྲི་དཔེ་མཛོད་ཁང་།»རང་དགོན་གྱི་«མདོ་སྔགས་རིག་གཞུང་རྒྱ་མཚོའི་ཆོས་མཛོད་ཁང་»དང་། ངོ་ཤེས་དེ་འདྲའི་བརྒྱུད་ནས་«སྤྱི་ཚོགས་མེ་ལོང་»དང་«བོད་ཀྱི་བང་ཆེན་»ཚགས་ཤོག་རག་གི་ཡོད་པ་དེ་རྣམས་རེད། མཚམས་འདིར་དྲང་པོར་བཤད་ན། གོང་གི་དཔེ་མཛོད་གཉིས་པོའི་ནང་ནས་དཔེ་དེབ་མང་པོ་གཡོར་ཆོག་གི་མེད་སྟབས། ངས་དཔེ་དེབ་མང་པོ་ཞིག་བདག་པོའི་མ་མཐོང་ས་ནས་སྦས་ཏེ་ཁྱེར་མྱོང་ཡོད། སྐབས་དེ་དུས་ང་དཔེ་དེབ་རྐུན་མ་ཞིག་རེད་ལབ་ན་འགྲིག་པ་རེད། ཧ་ཧ་ཧ་་་ ཕྱིར་འདང་ཞིག་བརྒྱབ་ན་ཕྱོགས་གཅིག་ནས་བསམས་ན་མི་ཆོས་དང་འགལ་བ་རེད་ལ། ངོས་གཞན་ཞིག་ནས་བསམས་ན་གཟི་བརྗིད་ཅིག་ཀྱང་རེད། འོན་ཀྱང་དཔེ་དེབ་དེ་རྣམས་བཀླགས་ཟིན་རྗེས་དཔེ་མཛོད་ཁང་སོ་སོ་རུ་བསྐྱལ་ཡོད།
དེ་ནས་ཡང་རྗེས་ཤིག་ནས་ང་ལ་བཙན་བྱོལ་ནང་གི་དཔེ་དེབ་དེ་ཚོ་ལས་ཀྱང་། བོད་ནང་ནས་ཐོན་པའི་དཔེ་དེབ་ལ་ཧ་ཅང་གིས་དགའ་བའི་དུས་ཤིག་བྱུང་སོང་། སྐབས་དེ་དུས་ངའི་མཆེད་གྲོགས་སྤྲུལ་སྐུ་བློ་གྲོས་རྣམ་རྒྱལ་ལགས་ཀྱིས། བལ་ཡུལ་ནས་བོད་ནང་ནས་ཐོན་པའི་དཔེ་དེབ་འབོར་ཆེན་ཞིག་ཁྱེར་འོངས་ནས། ང་ལ་དཔེ་དེབ་མང་པོ་ཞིག་བཀླག་རྒྱུའི་གོ་སྐབས་ཐོབ། ཡང་དེའི་རྗེས་ནས་ང་རང་གིས་ཀྱང་བལ་ཡུལ་ནས་མང་པོ་ཁྱེར་ཡོང་བས། རོབ་ཚོད་ཅིག་བྱས་ན་བལ་ཡུལ་གྱི་སྒོར་མོ་ཁྲི་དྲུག་བདུན་གྱི་དཔེ་དེབ་བཀླགས་མྱོང་ཡོད།
དེའི་རྗེས་སུ་མཐོ་སློབ་ཆེན་མོའི་རྩོམ་སྒྲིག་ལྷན་ཁང་དུ་བོད་ནང་ནས་ཐོན་པའི་དཔེ་དེབ་མང་པོ་ཡོད་པ་དེ་དག་ལས་ཕལ་ཆེ་བ་བཀླགས་མྱོང་ཡོད། སྐབས་དེ་དུས་ང་དཔེ་དེབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ཡིན་པས། འདིའི་སྐོར་གྱི་ཟུར་ཞིག་ངའི་སྒྲུང་རྩོམ་ཕྱོགས་བསྒྲིགས་ནང་གི་«དུས་ཚོད།»ཅེས་པའི་སྒྲུང་ཐུང་དེའི་ནང་ཟུར་ཙམ་ཞིག་གསལ་ཡོད།
༤༽ མི་ཚོས་ང་ལ་ལྟ་སྟངས་ཇི་ལྟར་བཟུང་ཡོད་དམ།
ངའི་དཔེ་ཀློག་གི་ལོ་ཟླ་དེ་དག་གི་རིང་ཉིན་མཚན་དང་། གུང་གསེང་ཡིན་མིན་ལ་མ་ལྟོས་པར་དཔེ་དེབ་ཀློག་རྐྱང་བྱས་པ་ཡིན། སྐབས་དེ་དུས་མི་འགའ་ཞིག་གིས་ང་ལ། ཡར་མར་འགྲོ་སྐབས་ལམ་ཁར་ཐུག་དུས་”ཁྱོད་མཚམས་གྲོལ་ཚར་ཡིན་པས་”ཟེར་བ་དང་། “བོད་ཡིག་རྐྱང་རྐྱང་སྦྱངས་ནས་རྗེས་ལ་ལྐུག་པ་ཆགས་ཀྱི་རེད་”ཅེས་དང་། “ཤེས་རབ་འཆལ་གྱི་རེད་”ཅེས་དང་། “ཆོ་མེད་རེད་”ཅེས་མང་པོ་ཞིག་ལབ་མྱོང་། ཡིན་ནའང་སྐབས་དེ་དུས་ངས་ཁོང་ཚོ་སུ་ལའང་ཡ་ལན་བྱས་མེད། དེ་དུས་ང་ལ་གདེང་ཚོད་གཅིག་རང་ཡོད་པ་ནི། ནམ་ཞིག་ལ་ངས་རྩོམ་ཡིག་བྲིས་པའི་གྲུབ་འབྲས་ཀྱིས་ཁོང་ཚོར་འོས་མེད་དུ་ཁས་ལེན་འཇུག་དགོས་སྙམ་པ་དེ་རེད། ཧ་ཧ་ཧ་་་་
ཀློག་པ་པོ་ཁྱོད་ཀྱིས་དྲན་སྲིད་པ་རེད། མི་དེ་ཚོ་སུ་ཡིན་ནམ། ཉོན་དང་ངས་བཤད་ཆོག དེ་ནི་ལོ་ངོ་ལྔ་དྲུག་སྔོན་ལ་ཡིན་སྟབས། མང་པོ་ཞིག་གྲྭ་ལོག་ཆགས་པ་རེད། འོན་ཀྱང་དེ་ཚོའི་གྲས་ནས་ཁ་ཤས་ཤིག་ནི་ད་ལྟའང་ངའི་ཉེ་འཁོར་ན་འདུག རེད་དེ། ད་ལྟ་ངས་ཁོང་ཚོ་མཐོང་དུས་ཁོང་ཁྲོ་ཁྱོན་ནས་ལངས་ཀྱི་མི་འདུག དེ་ནི་ང་ལ་རྐྱེན་ངན་གྲོགས་སུ་ཤར་བ་ཞིག་ཀྱང་ཡིན་སྲིད།
༥༽ ངའི་དཔེ་དེབ་ཀློག་ས་ནི་གནས་ངེས་མེད་ཡིན།
འདས་པའི་ལོ་ངོ་དེ་དག་གི་རིང་ངའི་དུས་ཚོད་མང་ཆེ་བ་དགོན་པ་རང་དུ་བསྐྱལ་བ་ཡིན་སྟབས། དཔེ་དེབ་ཀློག་ས་ཡང་མང་ཆེ་བ་རང་ཤག་དང་། དཔེ་མཛོད་ཁང་སོགས་དང་། སྐབས་རེར་འགྲུལ་བཞུད་སྐབས་རླངས་འཁོར་ནང་དང་། མེ་འཁོར་འབབ་ཚུགས་སོགས་སུ་ཡང་བཀླགས་མྱོང་བ་ནི་འཛམ་གླིང་གི་མི་རྣམས་ཀྱི་སྤྱིའི་འགྲོ་སྟངས་ལྟར་རེད།
འོན་ཀྱང་དམིགས་བསལ་བ་འགའ་ཞིག་ཡོད་པ་ནི། འདུ་ཁང་ནང་ཚོགས་པ་ཆེན་པོ་འཚོག་པའི་སྐབས་སུའང་སྙན་ངག་དཔེ་དེབ་ཆུང་ཆུང་དེ་འདྲ་ཁྱེར་ནས་ཅོག་ཙེའི་འོག་ཏུ་སྦས་ཏེ་བཀླགས་མྱོང་ཡོད། དེ་ལས་ཀྱང་ཁྱད་མཚར་བ་ནི། དབྱར་གནས་པའི་སྐབས་ཞོགས་པའི་རྒྱུན་ཆགས་གསུམ་པ་ཆུ་ཚོད་ཕྱེད་ཀྱི་རིང་འཚོག་པའི་སྐབས་སུའང་སྙན་ངག་དཔེ་དེབ་ཆོས་གོས་ཀྱི་ཕག་ཏུ་སྦས་ནས་ཀློག་པ་དང་། གསོ་སྦྱོང་འཚོག་པའི་སྐབས་སུའང་མི་ལའི་མགུར་འབུམ་ཚན་པ་ཁ་ཤས་དེ་འདྲ་ཀློག་གི་ཡོད། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ང་རང་ཡང་གད་མོ་བྲོ་ཡོང་ལ། མཚམས་འདི་ནས་ངས་དགེ་སྐོས་རྣམ་པ་ལའང་དགོངས་དག་ཞུ་རྒྱུ་ལས་མི་འདུག ཧ་ཧ་ཧ་་་་
༦༽ དཔེ་ཀློག་གིས་ཕན་ཅི་ཞིག་ཐོགས་སམ།
༡། སློབ་གསོའི་དཔེ་དེབ།
སློབ་གསོའི་དཔེ་དེབ་བཀླགས་པ་ལས་མིའི་སེམས་ཁམས་དང་། གཤིས་རྒྱུད་ལ་འགྱུར་བ་ཆེན་པོ་གཏོང་བ་རེད། སློབ་སྦྱོང་ལ་བརྩོན་པ་བྱེད་ཚུལ། མི་དང་མིའི་བར་གྱི་འབྲེལ་ལམ་འཛུགས་སྟངས། ནང་སེམས་ལ་སྟངས་འཛིན་ཇི་ལྟར་བྱེད་ཚུལ། རང་གི་ཕུགས་བསམ་མངོན་དུ་འགྱུར་བར་ཐབས་ཤེས་ཇི་ལྟར་ཡོད་མེད་སྐོར་སྟོན་པ་རེད། གང་ལྟར་སློབ་གསོའི་དཔེ་དེབ་བཀླགས་པ་ལས་རང་རྒྱུད་ཀྱི་ཅུང་ཟད་ཤེས་པའི་ང་རྒྱལ་བཅོམ་ནས། བསྐྱར་དུ་སྦྱོང་དགོས་པའི་ཤེས་བྱ་མང་པོ་ཞིག་རྟོགས་སུ་འཇུག་པ་རེད།
ཁྱོད་ཀྱིས་«འཛམ་གླིང་སློབ་གསོའི་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་»དང། «འཛམ་གླིང་གི་ཧུར་སྐྱེད་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་»དེ་རྣམས་ཀློག་ཐུབ་ན་ཧ་ཅང་གིས་བཟང་། གཞན་ཡང་བོད་ཡིག་ཐོག་རྗེ་ཀི་རི་སྲི་ན་མུར་ཏིའི་སློབ་གསོའི་དཔེ་དེབ་ཀྱང་ཁ་ཤས་ཡོད་པ་རེད།
༢། སྙན་ངག་དཔེ་དེབ།
དཔེར་ན། རྒྱ་གར་གྱི་སྙན་ངག་པ་ཋེ་ཀོར་གྱི་མེ་ཏོག་ཕྲེང་རྒྱུད་ལྟ་བུ་བཀླགས་ན། རང་བྱུང་ཁམས་ཀྱི་ཉི་ཟླ་འཆར་ནུབ། རྩི་ཤིང་འགུལ་སྐྱོད། མེ་ཏོག་གི་མཛེས་པ། ཕོ་མོའི་བརྩེ་གདུང་སོགས་འཇིག་རྟེན་ཁམས་ཀྱི་བྱ་དངོས་མང་པོ་ཞིག་ལ་རིན་ཐང་དང་ལྡན་པ། ངོས་འཛིན་གསར་པ་ཞིག་ཐོབ་པ་རེད། དེ་དང་དེས་མཚོན་སྙན་ངག་བཀླགས་ཤིང་མྱོང་རོལ་བྱས་པ་ལས། འཇིག་རྟེན་ཁམས་ཀྱི་གསང་བ་མང་པོ་ཞིག་མཐོང་ཐུབ་ཅིང་། ཆེས་སྤྱིར་བཏང་བའི་བྱ་དངོས་མང་པོ་ཞིག་ལའང་རིན་ཐང་དམིགས་བསལ་བ་ཞིག་མཐོང་ཐུབ།
དོན་ངོ་མའི་སྙན་ངག་འབྲི་ཀློག་བྱེད་མཁན་ཞིག་ཡིན་ན། ཁོ་ལ་ང་ཚོ་ལས་ལྷག་པའི་“མིག་གསུམ་པ་”ཞིག་ཡོད་དེ། དཔེར་ན་རོལ་དབྱངས་དཀྲོལ་མཁན་མཁས་པ་དག་གིས་རོལ་དབྱངས་དཀྲོལ་དུས་མིག་ཟུང་བཙུམས་ཤིང་། མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་རོལ་དབྱངས་ལ་དབྱིངས་ཞུགས་དྲགས་ནས། གཡས་གཡོན་གྱི་མི་དང་ཅ་དངོས་གང་ལའང་མཉམ་འཇོག་མི་བྱེད་པ་ལྟ་བུ་རེད། སྐབས་དེའི་རོལ་དབྱངས་དཀྲོལ་མཁན་གྱི་སེམས་ཚོར་ནི་ཁོ་རང་ཉིད་གཅིག་པུས་མྱོང་ཐུབ་པ་ལས། གཞན་གྱིས་མྱོང་ཐུབ་པ་ཁག་པོ་ཡིན། དཔེ་དེ་བཞིན་དུ་དོན་ངོ་མའི་སྙན་ངག་འབྲི་ཀློག་བྱེད་མཁན་ཞིག་གི་ཚོར་བ་དང་། བསམ་བློ་གཏོང་སྟངས། ཁོ་རང་ཉིད་ཁོ་ན་ལས་གྲུབ་པའི་འཇིག་རྟེན་ནི་དམིགས་བསལ་བ་ཞིག་ཡིན་པས། ང་ཚོ་མི་རང་ག་བའི་ལྟ་ཚུལ་དང་བསམ་བློ་གཏོང་སྟངས་སོགས་དང་མི་མཚུངས་པས་ན། ཁོ་ལ་ང་ཚོ་ལས་ལྷག་པའི་མཐོང་ཐོས་དང་མྱོང་རོལ་བྱེད་ཐུབ་པའི་མིག་གསུམ་པ་ཞིག་ཡོད་རེད། གཞན་ཡང་བརྩམས་སྒྲུང་། དཔྱད་རྩོམ། ལོ་རྒྱུས། རྟོགས་བརྗོད་སོགས་བཀླགས་པ་ལས་ཀྱང་སོ་སོར་དགེ་ཕན་ཡོད་པ་ཤོད་མི་དགོས་པ་ཞིག་རེད།
༼སྐད་ཆ་སྤྱི་ལྡོག་པ་ཞིག་གིས་དཔེ་དེབ་བཀླགས་པའི་དགེ་ཕན་བཤད་ན།༽
༡༽ མཐོང་ཐོས་རྒྱ་ཆེ་བ།༢༽ མི་ཚེ་དོན་དང་ལྡན་པ།༣༽ བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ།༣༽ མཁས་པའི་གོ་སར་དབང་བ་བཅས་རེད།
༧༽ མཇུག་གི་གཏམ།
ད་ལན་ངས་རང་གི་དཔེ་ཀློག་གི་བརྒྱུད་རིམ་དང་འབྲེལ་བའི་སྐད་ཆ་ཚིག་འགའ་ཤས་ཞུས་ཡོད་པ་དེ་དག་ནི། ང་རང་དང་མཉམ་པའི་ལས་དང་པོ་བ་རྣམས་ལ་ཅུང་རེ་ཕན་ན་སྙམ་ནས་བྲིས་པ་ཞིག་ཡིན། རྩོམ་ཡིག་འདི་བཀླགས་པའི་རྗེས་སུ་ཁྱོད་ལ་སེམས་ཚོར་བཟང་ངན་ག་རེ་བྱུང་ནའང་། སྦ་གསང་མེད་པར་གསོང་པོར་ངོ་དེབ་སྟེང་གི་མཆན་འགོད་ས་དེར་འབྲི་རོགས། བཀའ་དྲིན་ཆེ། བསྟན་ཆོས་ནས། སྤྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༣ ཉིན།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ངའི་དཔེ་ཀློག་གི་བརྒྱུད་རིམ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།