རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 21 March 2021

མདའ་སྨྱུག་བཞུར་པོའི་བརྩམས་ཆོས་སྙན་ངག་གསུམ།

«ཉིན་ཐོ་སྐེ་ཆད་མ།»



བསེར་བུས་མཁའ་ལ་དལ་གྱིས་རྒྱུག།
གོ་ལའི་དར་ཅོག་ལྷོད་ལ་འབབ།།
སྐྱ་བོ་འཚུབ་པའི་ཐོ་རངས་ལ།།
མལ་གྱི་ནང་ནས་མི་ཞིག་དྲན།།

མུན་པ་འགབ་འགབ་རྒང་ལ་མཚོངས།།
མདངས་ཀྱི་འོད་ཟེར་ཉེ་རུ་ཡོང་།།
གསལ་ཆ་མེད་པའི་སྐབས་ཤིག་ལ།།
ཁྱེད་ཀྱིས་ང་ལ་བརྡ་ཞིག་རེད།།

བཅོས་མིན་སེམས་པ་གདིང་ནས་སྐྱེས།།
བྲག་རི་དཀྱིལ་ན་སྨྲ་མ་ཤེས།།
ཁྱོད་ཀྱི་ཁྲོ་གཉེར་རི་མོ་དེ།།
ད་དུང་ང་ལ་བརྡ་ཞིག་མཚོན།།

བཀོལ་སྤྱོད་མནར་བའི་སུག་བཞི་ལ།།
ཁ་ཟས་འཇམ་པོས་སེམས་ལ་བདེ།།
དྲན་མགྱོགས་རླུང་མ་སེམས་པ་ལ།།
ཁྱེད་ཀྱི་བརྡ་སྤྲོད་ང་ལ་མཁོ།།

ཚ་དྲོད་ལྡན་པའི་བྱེ་ཐང་ལ།།
ལྷུག་ལྷུག་ཉ་མོས་སྡོད་ཐང་མེད།།
ཟང་ཟིང་རྙོག་པའི་དམྱལ་ཁམས་ལ།།
གསོན་པོ་མི་ཞིག་སྡོད་ཐང་མེད།།

མཁའ་རུ་ལྡང་པའི་སྤྲིན་ངོགས་སུ།།
སྤྲིན་གྱིས་བྲིས་པའི་མི་ཞིག་འདུག།
ང་དང་ལེ་དབར་ཆོད་ན་ཡང་།།
སེམས་དང་སེམས་པ་ཆོད་མི་འདུག།

༢༡/༢/༢༣/ དགོང་མོ་རན་སྐབས་བྲིས།


«ཁེར་རྐྱང་གི་འཚོ་བ།»


ཕ་ས་ཕ་ཡུལ་བཞག་ནས་ས་མཐའ་རྟོལ།།
མི་མེད་བྱ་ཐང་སྟེང་ན་དགའ་སྡུག་བཞུར།།
རེ་སྒུག་ཤ་ཡི་གསེབ་ནས་རྨ་ཁ་དེ།།
ད་རུང་གསོ་རུམ་མུ་མཐའ་གང་མ་མཆིས།།

སྐྲ་དཀར་གཉེར་མ་དུས་ཀྱིས་ཡར་ལ་བཏེག།
གོམ་སྟངས་རྐང་པའི་ས་ལ་ཐིང་ངེ་རེད།།
ཡུན་རིང་མི་འདུག་མི་ཚེ་ནུབ་ལམ་བརྒལ།།
ད་རུང་མིག་མེད་འགྲོ་སྟངས་ཙམ་འཚོ་ཡོང་།།

ཤེས་རུང་ཤེས་བྱ་ནམ་མཁའི་གཟའ་སྐར་བཞིན།།
བརྒྱ་ཡོད་སྟོང་ཡོད་འཇུ་ས་ཡུ་བ་མེད།།
སྔུན་གྱི་མཐའ་ཤུལ་གསོག་པའི་ནུས་པ་དེ།།
ད་རུང་དབྱུག་ཐེངས་ཡོད་མེད་སུ་ཡིས་དཔྱོད།།

དེ་རིང་དཔལ་འབྱོར་ཕྲན་བུས་བདག་ལ་བསླུ།།
སང་ཉིན་བང་གི་ཁ་ལ་ཡོད་མེད་ཆ།།
དེ་སོགས་མདང་གི་རྨི་ལམ་ཞིག་དང་མཚུངས།།
ད་རུང་དགོས་ཡོད་བསམ་པའི་རེ་བ་མེད།།

དཀའ་སྡུག་ཟང་ཟིང་ཁྲོད་ནས་ཚར་མཁན་ང་།།
མི་མེད་ས་མཐའ་ཞིག་ལ་ཅི་ཕྱིར་སྐྲག།
རྒྱབ་ཀྱི་ཁྲག་པ་གཡས་ཀྱི་མགུལ་ཕྱོགས་ན།།
ད་རུང་བླ་མ་དཀོན་མཆོག་བྲལ་མེད་ཡོད།།

༢༡/༢/༢ དགོང་མོར་ལྷོད་ལྷོད་ངང་བྲིས།

«ང་དང་དུས་ཚོད་བར།»


རྣམ་ཤེས་བར་སྣང་ལ་སྤྲོ་ཞིང་འཁྱམས།།
མི་ཚེ་ཁ་ཕྱོགས་དེ་རྒྱང་ལ་ཡལ།།
རེ་བ་ཆུ་ཐིགས་སོགས་མདུན་ལ་བསྐམས།།
དཀོན་པའི་དུས་ཚོད་དེས་ང་ལ་ཁྲོས།།

ཕ་ས་ཕ་ཡུལ་ལ་ཕ་མ་བཞག།
བརྩེ་བའི་ཤ་རུས་དང་བྲལ་ནས་ཡོང་།།
ཚོར་མེད་བ་གླང་བཞིན་འདུག་དུས་ཚེ།།
དཀོན་པའི་དུས་ཚོད་དེས་ང་ལ་ཁྲོས།།

གངས་ལྗོངས་རྩྭ་ཐང་དང་འདྲིས་འདོད་ཡོད།།
ལུང་པའི་རྫ་ཆུ་དེ་གཏུང་འདོད་ཡོད།།
ཕུགས་བསམ་བསླུ་མེད་དེ་བརླགས་སོང་ན།།
དཀོན་པའི་དུས་ཚོད་དེས་ང་ལ་ཁྲོས།།

ལང་ཚོ་དཔུང་ཤེད་དེ་དར་ལ་བདོ།།
བསམ་ཕྱོགས་གཉུག་མོ་དེ་ཚད་ལ་ཐལ།།
དུས་ཚོད་རྫང་རྫོང་ལ་བཏང་བཞག་ན།།
དཀོན་པའི་དུས་ཚོད་དེས་ང་ལ་ཁྲོས།།

སྐྱ་རེངས་དངས་འོད་ཀྱི་སྔ་འོག་ན།།
ངོ་ཚ་ཉི་མ་དེ་ནུབ་ལ་ཆས།།
རང་རང་དྲན་ཤེས་དེ་མདུན་ལ་བསྐྱོད།།
སྟབ་དབང་དུས་ཚོད་ལ་བརྩེ་བར་ཐལ།།

དགོང་མོར་ཤག་ནང་དུ་ལག་ལ་སྨྱུ་གུ་ཐོགས་པ་དང་བྲིས་ཤོར་རོ།། ༢༠/༡༡/༢༨


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།