རྟ་མང་གི་མཁའ་འགྲོ་མ་ཆེན་མོ་རྗེ་བཙུན་སངས་རྒྱས་མཁའ་འགྲོ་མཆོག་ནི། ཟོག་སོབ་ལས་འདས་པའི་དོན་གྱི་མཁའ་འགྲོ་མ་དངོས་ཞིག་སྟེ། དེའང་ཁོང་གི་ཡུལ་ནི་བལ་ཡུལ་རྒྱལ་ཁོངས་མ་ཀྭན་པུར་གྱི་མཎ་ཐ་ལི་ཤོལ་ཐིམ་ཨམ་བྷོཊ་ཟེར་བའི་མཐའ་ཁོབ་གྲོང་གསེབ་ཞིག་ཏུ་ ༡༩༩༦/༡༢/༡༠ ལ་སྐུ་ཁྲུངས་ཤིང་། དེ་དུས་ཤིང་ཨམྲའི་སྡོང་པོ་ཞིག་ཀྱང་སྐྱེས་ཏེ། ད་ལྟའི་བར་དུ་ཨམྲའི་འབྲས་བུ་སྣ་ཚོགས་ཤིག་ཀྱང་སྨིན་བཞིན་ཡོད།
ཆུང་ངུ་དགུང་ལོ་གཉིས་པ་ཙམ་ནས་སྔོན་གནས་རྗེས་སུ་དྲན་ཞིང་། འདི་སྣང་གི་ལེགས་ཉེས་མཁྱེན་ཅིང་ཐུགས་ལ་འཇགས་ནུས་པ་ཡོད་འདུག་ལ། སྐུ་གསུམ་གྱི་མཚན་ཞལ་ནས་སྐྱོར་ཞིང་སངས་རྒྱས་ཀྱི་ཆོས་གཏམ་ཐོ་རེ་བ་གསུངས་པས། ཕ་མ་དང་ཡུལ་མི་རྣམས་ཀྱིས་ཐན་ལྟས་སུ་རྩིས་ཏེ། ཨ་ཕས་ཞག་གསུམ་ནས་གསོད་སྦྱོར་བྱས་ཀྱང་འཆི་བ་ལས་ཐར། ཕ་མས་ནམ་རྒྱུན་རྡུང་བརྡེག་དང་། བཀྲུས་ཁུ་ཙོག་པ་སོགས་མགོ་ལ་ལན་མང་བླུགས་པའི་རྐྱེན་གྱིས། འཁོར་བ་ལས་ཐུགས་རབ་ཏུ་བསུན་སྣང་སྐྱེས་ཀྱང་། བླ་མ་ཡང་དག་ཞིག་མ་མཇལ་བའི་སྟབས་ཀྱིས་ཐུགས་ཀྱི་བཞེད་པ་གང་ཡང་རེ་ཞིག་གབ་སྦས་སུ་གྱུར་ཏེ། སློབ་མཐར་ཕྱིན་པ་གནང་། དེ་མཚམས་མཐོ་སློབ་ཀྱི་སློབ་གཉེར་གནང་བར་བལ་ཡུལ་རྒྱལ་ས་ཀཱ་ཋ་མཱཎ་ཌུ་རུ་ཞབས་སོར་བཀོད་ཀྱང་། ཕ་རྒན་གྱིས་སྟོང་ཕྲག་བཞི་བཅུ་ཙམ་ལ་བརྗེ་བོ་བྱས་ཏེ་གཞན་གཡོག་ཏུ་བཙོངས། དེ་དུས་ཁོང་ལ་གསང་སྟབས་སུ་ཕྲེང་བ་འཕུར་བ་དང་ཡོན་ཆབ་འབུལ་བ་སོགས་ཀྱི་སྐལ་བ་འབྱོར་ཞིང་། སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་སྐུ་པར་མཇལ་བའི་གོ་སྐལ་ཐོབ།
དེ་མཚམས་ཆུང་དུས་ནས་དྲན་པའི་བླ་མ་འབྲུག་པ་རིན་པོ་ཆེའི་གསུང་རྩོམ་བལ་སྐད་མ་ཞིག་ཐོབ་པ་ལས། ནང་པའི་བྱེད་སྒོ་མི་ཉུང་བ་ཞིག་ཀྱང་ཐུགས་སུ་ཆུབ། འབྲུག་པ་རིན་པོ་ཆེའི་ཞབས་སུ་མཇལ་བཅར་གྱི་གོ་སྐལ་འབྱོར་བ་དང་། མགོན་པོ་གང་ལ་སྐྱིད་སྡུག་དང་རང་གི་གསལ་བཤད་ཞུས་པ་དང་། མགོན་པོ་གང་ནས་ཐུགས་སྐྱོ་དང་བཅས་ཏེ་ཚེ་རིང་མའི་རྣམ་འཕྲུལ་དུ་ངོས་འཛིན་མཛད་ཅིང་། མཁའ་འགྲོ་རང་གི་ཐུགས་འདོད་ལྟར་མགོན་པོ་གང་ནས་གསང་སྟབས་ཀྱིས་ནེ་སྒོར་ཁྲི་བཞི་ལྔ་ཞིག་གནང་སྟེ། མཁའ་འགྲོ་རང་ལ་དབང་བའི་བཞུགས་ཁང་ཐབས་ཆག་ཞིག་ཀྱང་ཉར། དེ་དུས་ནས་ནད་པ་སོགས་མང་པོ་ཞིག་ནད་ལས་གྲོལ་བར་མཛད་ཅིང་། དཀའ་ངལ་ཅན་གྱི་མི་མང་པོ་ལ་ལེགས་ཉེས་ལུང་སྟོན་གནང་ཞིང་། ཞོར་ལ་ནང་ཆོས་ལ་ཐོས་བསམ་ཅི་རིགས་ཀྱང་མཛད། དུས་དེ་ཙམ་ཞིག་ན་བལ་ཡུལ་པཱ་ཊན་ཕྱོགས་སུ་མི་འབོར་ཁྲི་ཕྲག་ཁ་ཤས་ཞིག་གི་འཐུང་ཆུ་སྐམ་པ་དང་། མི་ཆེན་བླ་ཆེན་ལྷ་ཆེན་ཕོ་མོ་མང་པོ་ཞིག་གིས་ཐབས་ཤེས་བཏོན་ཀྱང་ཆུ་མ་ཐོན་ཏེ། མཁའ་འགྲོ་མ་ཁོང་ལ་སྐྱབས་སུ་བཅོལ། དེ་དུས་མཁའ་འགྲོ་མཆོག་ནས་ཆུ་ངེས་པར་དུ་ཐོན་རྒྱུ་རེད་གསུངས་ཀྱང་མང་པོ་ཞིག་ཡིད་མ་ཆེས་ཏེ། དབང་ཡོད་བཙན་བཀས་འཇིགས་བསྐུལ་དྲག་པོ་བྱས་སྟབས་མཁའ་འགྲོ་མས། ཆུ་ངེས་པར་དུ་ཡོང་། མ་ཐོན་ན་ང་ལ་བཙོན་འཇུག་བྱས་ན་ཆོག་ཅེས་གསུངས་ཏེ་ཐབས་མཛད་པས། མཁའ་འགྲོའི་གསུང་ཉིན་ཏག་ཏག་ལ་ཆུ་སྔོན་བས་ཆེ་བ་ཐོན་པས། ཡུལ་མི་དང་མགོ་ཁྲིད་པས་བཀའ་དྲིན་གཏང་རག་གི་ཟེངས་རྟགས་ཕུལ།
དེ་མཚམས་འཕགས་ཡུལ་རྫོང་གསར་བཤད་གྲྭར་ཐོས་བསམ་གནང་དུ་ཕེབས་ཤིང་། དེ་མཚམས་བལ་ཡུལ་རང་དུ་ལོག་ཕེབས་ཏེ་དམ་པའི་ཆོས་རིན་པོ་ཆེའི་འཁོར་ལོ་ཕྱོགས་དང་རིས་སུ་མ་ཆད་པར་བསྐོར་དང་བསྐོར་བཞིན་པ་དང་། ཉམས་ཆུང་བདུད་འགྲོ་སོགས་ངལ་དུབ་ཅན་དུ་མ་ལ་ཆོས་དང་ཟང་ཟིང་གི་ཕན་འདོགས་པ་ནི། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་བ་དངོས་ཏེ། བསྟོད་ཅིང་བསྙེན་པར་བྱ་བའི་ཡུལ་མ་ནོར་བ་འབྲེལ་ཚད་དོན་ལྡན་བྱ་བ་མངོན་གསུམ་སྐལ་ལྡན་རྣམས་ཀྱི་གོ་སྐལ་དུ་གྱུར་བ་ནི་ཧ་ཅང་གི་ངོ་མཚར་རོ།།
ཅེས་པའང་དོལ་པོ་སྒོམ་ཆེན་ནམ་གྲུབ་ཆེན་སྤྲུལ་སྐུར་འབོད་པ་དེ་རང་གིས་མཐོང་ཞིང་། མཁའ་འགྲོ་རང་གིས་ཞལ་ནས་ཐོས་པ་དག་ཟིན་བྲིས་སུ་བྱས་པ་དགེའོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-རྟ་མང་གི་མཁའ་འགྲོ་མ་ཆེན་མོ་རྗེ་བཙུན་སངས་རྒྱས་མཁའ་འགྲོ་མཆོག་གི་ངོ་སྤྲོད།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།