རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 15 April 2021

«སྒོ་ཤེར་དང་ང་ཉིད་འབྲེལ་བའི་དྲན་གདུང་།» བཙན་འོག་ནས་མྱུར་དུ་གྲོལ་བའི་རེ་སྨོན་ཞུ།

མི་ཕམ་རྣམ་རྒྱལ། སྔ་འགྱུར་མཐོ་སློབ་ཆེན་མོ།


སྒོ་འཕར་རབ་ཏུ་ཡངས་པའི་གཞིས་བྱེས་ཀྱི་དབུས་ན།།
རྒན་གཞོན་བར་མ་ཀུན་ལ་ཤེས་རབ་ཀྱི་སྒོ་འབྱེད།།
བསླབ་གསུམ་སྡེ་སྣོད་ཕྱུག་པས་ཁྱུ་མཆོག་གི་ཚོགས་ན།།
གཙུག་གི་ནོར་བུ་དེ་ལ་སྙིང་དབུས་ནས་ཐལ་སྦྱར།།

ཐོག་མར་གཞུང་ལུགས་བརྩོན་པའི་རྣམ་ཐར་རེ་མཇལ་དུས།།
ལེ་ལོ་བུ་ཆུང་ང་འདྲ་སེམས་བསྐུལ་རེ་འཐེབས་འགྲོ།།
བཙན་དབང་རང་དགོན་བྲལ་བའི་ལོ་རྒྱུས་རེ་ཐོས་དུས།།
དགོན་གཞུང་ཀླད་རྙིང་རྣམས་ལ་སེམས་ཁོང་ནས་ཁྲོས་འགྲོ།།

དབུ་འཇུག་ཟླ་གྲགས་གསུང་གི་ཟབ་གནད་དེ་དཀའ་ཞིང་།།
འཛིན་རིམ་གསུམ་པའི་སློབ་ཚན་མགོ་བོ་རེ་འཁོར་དུས།།
བསྐྱར་དུ་བཀླག་པའི་ཁོང་གི་དབུ་འཇུག་གི་གསུང་དེས།།
སྒོ་ཆེན་ཤེས་རབ་སྩོལ་མཁན་སྒོ་ཤེར་དེ་ཅི་མིན།།

གཏན་དུ་ཡིད་དབང་འཕྲོག་པའི་དགེ་ཆོས་ཀྱི་གསུང་ཟབ།།
གཏམ་ཡིག་གསེར་ཐང་ཚིག་དོན་རྟོགས་དཀའ་རེ་བྱུང་དུས།།
སྒོ་ཤེར་གསུང་ཁྲིད་གསེར་ཐང་འགྲེལ་བ་དེ་མཇལ་དུས།།
དགེ་ཆོས་མདུན་དུ་བགྲོ་གླེང་ཚོགས་པ་རང་འདྲ་བྱུང་།།

དངོས་སུ་མཇལ་བའི་སྐལ་བཟང་དུས་སྐབས་རེ་མ་བྱུང་།།
འོན་ཀྱང་ཁྱེད་གསུང་ཡིག་འབྲུ་རེ་རེ་དེ་བཀླག་དུས།།
ཡིད་ལ་དགའ་སྐྱོའི་ཚོར་བ་བདུད་རྩི་རུ་འབྱིན་མཁན།།
གཞིས་བྱེས་མཁས་པ་དབུས་ན་སྒོ་ཤེར་རང་ཅི་མིན།།

ཞྭ་སེར་བསྟན་པའི་དགུང་ན་མཁས་ཚོགས་རང་བཀྲ་ཡང་།།
རྒྱལ་བསྟན་རིས་མེད་མནའ་དེང་ཟུང་འབྲེལ་གྱི་ལམ་སྲོལ།།
རྨོངས་ཀུན་གདུང་བ་སེལ་བའི་ཉིན་གཞོན་གྱི་དབང་པོ།།
སྒོ་ཤེར་བཤེས་གཉེན་ཁྱེད་ལས་དོ་ཟླ་རང་ཅི་ཡོད།།

དུས་ངན་སྙིགས་མའི་སྐྱེ་འགྲོ་བསོད་ནམས་རེ་དམན་ཕྱིར།།
གྲོང་གི་དཔོན་པོ་མི་ངན་དབུ་འཁྲིད་དུ་ཤར་སོང་།།
སྤྱི་ཕན་བཤེས་གཉེན་བཟང་པོ་བཙོན་འོག་ཏུ་ཤོར་སོང་།།
རྣ་བར་ལྷུང་བའི་གཏམ་ངན་བཟོད་བླགས་རང་མིན་འདུག།

འོན་ཀྱང་རྒྱང་རིང་ཕོ་རྒོད་རྒྱང་རིང་གི་མཐའ་ནས།།
ཁྱེད་ཉིད་བཙན་འོག་ནང་ནས་རིང་མིན་དུ་གྲོལ་ཞིང་།།
དངོས་མཇལ་གསུང་གི་དགའ་སྟོན་བཞིན་རས་ཀྱི་པདྨོ།།
མཆོག་གསུམ་གསོལ་འདེབས་དད་པའི་རེ་སྨོན་རེ་བཅོལ་ལོ།།

   ང་དང་སྒོ་ཤེར་གཉིས་དངོས་སུ་མཇལ་བའི་སྐལ་བ་མ་བྱུང་ཡང་། དེ་རིང་ནས་ལོ་མང་སྔོན་དུ་བསྐྱར་དུ་བཀླགས་པའི་དབུ་འཇུག་དང་གཏམ་ཡིག་གསེར་ཐང་མཇལ་ནས་བཟུང་། ཁོང་ཉིད་ཀྱི་གསུང་ཚིག་འབྲུ་རེ་འཇིག་རྟེན་འདིར་བྱུང་དུས་སུ་མཇལ་འདོད་ཀྱི་སྤྲོ་སྣང་འཕེལ་བ་དང་། མི་ཚེ་འདིའི་ནང་བོད་དུ་འགྲོ་ནས་ཁྱེད་ཀྱི་བཞིན་རས་དང་གསུང་གི་བདུད་རྩི་གཅིག་མ་མྱོང་ན་ང་ཕོ་རྒོད་མིན་ཞེས། ངོས་ནས་ཧམ་བཤད་ཀྱང་བྱས་མྱོང་མོད། ད་ཆ་ཧོབ་སྟེ་གང་ལ་དམ་པ་ཁོང་བཙན་ཟུང་བྱས་པའི་གཏམ་ངན་རེ་ཐོས་དུས། སེམས་ནས་མི་བཟོད་པའི་སྐྱོ་སེམས་དང་བཙན་འོག་ནས་མྱུར་དུ་གྲོལ་བའི་སྨོན་ཚིག་ཅིག་རྩེ་སྨྱུག་དལ་གྱིས་ཤོར། ༢༠༢༡/༠༤/༡༥



_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།