(ཀུན་སྤངས་བྱ་བྲལ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་དམུ་སྒོམ་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་བོན་དབྱིངས་སུ་འཕོས་ནས་ལོ་ངོ་ཧྲིལ་པོར་འཁོར་ལ་ཉེ་བའི་རྗེས་དྲན་དུ་ཕུལ།)
འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ། ཡུ་རོབ་གླིང་།
རལ་པ་ཉིལ་ལེ་གཙུག་ཏོར་ཀེར་རེ། །
སྨིན་མ་སྟུག་གེ་རྫི་མ་ཐོར་རེ། །
སྨ་ར་འཁྱིལ་ལེ་ཨོག་ཚོམ་ཞོལ་ལེ། །
སྤྱན་མིག་ཧྲིག་གེ་ཤངས་སྣ་འཇོང་ངེ། །
ཞལ་མཆུ་ལྷེབ་བེ་ཚེམས་འཕྲེང་ཁྲིགས་སེ། །
བཞིན་རས་གོར་རེ་སྙན་མཆོག་ཀྲོང་ངེ། །
སྐུ་མདོག་སྨུག་གེ་འཛུམ་དཀར་དམུལ་ལེ། །
གཟན་དཀར་ཕྱང་ངེ་བེར་ཐུལ་འཇོལ་ལེ། །
འགག་ཐུང་ཤིག་གེ་ཕུ་ཤུ་ལྷོད་དེ། །
མཐང་གོས་ལྷེབ་བེ་ལྷམ་ཟོན་འཛོང་ངེ། །
ན་བཟའ་འཛར་རེ་སུལ་ལྟེབ་དྲིལ་ལེ། །
སྐུ་དཀྱིལ་དྭངས་སེ་ཁམས་བདེ་འབོལ་ལེ། །
གསུང་ངག་ཅམ་མེ་ཁ་ཁུ་སིམ་མེ། །
ཐུགས་དམ་དཀྱེལ་ལེ་སྤྲོ་བག་སིང་ངེ། །
སྒོ་གསུམ་ལྷིང་ངེ་ཞི་ཞིང་དུལ་ལེ། །
བཞུགས་ཚུགས་ཙོག་གེ་སྒལ་ཚིགས་དྲང་ངེ། །
ཞབས་སྐྱིལ་ཀྲུང་ངེ་ཕྱག་རྒྱ་སྙོམ་མེ། །
མགྲིན་པ་གུག་གེ་དཔུང་གཤོག་ལྡེམ་མེ། །
ལུས་གནད་བརླིང་ངེ་སྒོམ་གནད་ཅེར་རེ། །
རྩ་འཁོར་སང་ངེ་ཟང་ངེ་ཐལ་ལེ། །
རླུང་གནད་ནར་རེ་རང་མལ་འཇགས་སེ། །
ཐིག་ལེ་ལམ་མེ་ངོ་བོ་སྟོང་ངེ། །
ཡེ་ཤེས་གསལ་ལེ་བདེ་དྲོད་ཕྱུར་རེ། །
ཀ་དག་ཧྲང་ངེ་རང་བྱུང་རིག་གེ། །
རྩ་བྲལ་བུན་ནེ་རང་དྭངས་ཁྲལ་ལེ། །
སོ་མར་ཆམ་མེ་རང་ཐང་ལྷུག་གེ། །
སང་ངེ་སིང་ངེ་སེང་ངེ་སོང་ངེ། །
ལྷུན་གྲུབ་ཝལ་ལེ་རང་རིག་གསལ་ལེ། །
སྒྲིབ་མེད་རྗེན་ནེ་རང་སངས་ཐལ་ལེ། །
རིག་པ་ཏལ་ལེ་རང་གསལ་ལམ་མེ། །
ལྷག་གེ་ལྷང་ངེ་ལྷམ་མེ་ལྷན་ནེ། །
རྩལ་གསུམ་ཆེམ་མེ་རང་ཤར་ཡེར་རེ། །
ཡུལ་གསུམ་ཙར་རེ་རང་བཞིན་ཁྲོལ་ལེ། །
སྣང་གསུམ་ཡོར་རེ་རང་མདངས་ལོང་ངེ། །
ཅེར་རེ་ཐུར་རེ་དྲང་ངེ་བྲེང་ངེ། །
དྲན་མེད་ཧད་དེ་གཏད་མེད་ཕྱད་དེ། །
རྟོག་མེད་རྗེན་ནེ་འཛིན་མེད་ཧྲིག་གེ། །
དམིགས་མེད་འཛེར་རེ་རྟེན་མེད་ཅེར་རེ། །
བསམ་མེད་འབོལ་ལེ་རྩོལ་མེད་ལྷོད་དེ། །
ཁྱུང་པོའི་ཡུལ་ཁམས་གཤང་ངེ་གཤོང་ངེ། །
གནས་ཆེན་རྩེ་དྲུག་རང་ངེ་རོང་ངེ། །
གནམ་མཐོང་ཟླ་རྩེ་སར་རེ་སོར་རེ། །
གྱམ་ཆེན་ཕུག་པ་ཀྱག་གེ་ཀྱོག་གེ། །
བླ་མའི་གདམས་ངག་སྲོང་ངེ་ཏིག་གེ། །
ཡི་དམ་བྱིན་རླབས་ཉིལ་ལེ་མེར་རེ། །
མཁའ་འགྲོའི་དངོས་གྲུབ་ལྟེམ་མེ་ཀྱིལ་ལེ། །
བོན་སྐྱོང་སྡོང་གྲོགས་འབྲེང་ངེ་ཤ་རེ། །
གནས་མལ་བཞུགས་གནས་བྲང་ངེ་བྲེང་ངེ། །
གྱོན་ཆས་གོས་ཧྲུལ་བག་གེ་བོག་གེ། །
ཉེར་མཁོའི་རྒྱགས་ཆས་ཆང་ངེ་ཆུང་ངེ། །
འཚོ་ཚིས་ལྟོ་ཕྱིད་ངན་ནེ་ངོན་ནེ། །
རྣལ་འབྱོར་སྐུ་ལུས་ཙོག་གེ་ཀྲོང་ངེ། །
རྣལ་འབྱོར་གསུང་ངག་ཅག་གེ་ཅམ་མེ། །
རྣལ་འབྱོར་ཐུགས་སེམས་དལ་ལེ་ལྷོད་དེ། །
རྣལ་འབྱོར་སྒོ་གསུམ་འབོལ་ལེ་ཤིག་གེ། །
འཇིག་རྟེན་འཁོར་བ་ཟང་ངེ་ཟིང་ངེ། །
ཕ་ཡུལ་གནས་ལུགས་ཡང་ངེ་ཡེང་ངེ། །
གཉེན་ཉེའི་འབྲེལ་བ་ཡ་རེ་ཡོ་རེ། །
ཁྱིམ་མིའི་རེ་མཁྲེང་ཁ་རེ་ཁོ་རེ། །
ཉམས་སྣང་དྲོད་འབར་ལྷམ་མེ་ལྷེམ་མེ། །
རྟོགས་པ་གོང་འཕེལ་ཕང་ངེ་ཕུང་ངེ། །
གསལ་སྟོང་ཟུང་འཇུག་སང་ངེ་སིང་ངེ། །
ཉམས་རྟོགས་གྱེན་འཕྱུར་ལང་ངེ་ལོང་ངེ། །
འཁྲུལ་པ་ཞིག་པས་ལྷད་དེ་ལྷོད་དེ། །
འཛིན་པ་གྲོལ་བས་ལྷག་གེ་ལྷུག་གེ། །
བྱ་བ་བྲལ་བས་ལྷབ་བེ་ལྷུབ་བེ། །
གྲུབ་པ་ཐོབ་པས་ལྷན་ནེ་ལྷུན་ནེ། །
རེ་འགར་རི་པ་ཅང་ངེ་ཅོག་གེ། །
ལ་ལར་ཁྲོམ་ཚོགས་ཀོར་རེ་སྤུང་ངེ། །
སྐབས་འགར་གཅེར་ཧྲེང་ཡད་དེ་ཡུད་དེ། །
ལན་རེར་ཉམས་མགུར་ཐང་ངེ་ཐུང་ངེ། །
སྔགས་འདོན་འཛབ་བཟླས་མན་ནེ་མུན་ནེ། །
འཕྲེང་བའི་འདྲེན་ཚུགས་ཀར་རེ་ཀོར་རེ། །
བཀའ་བསྒོ་སྨོན་ལམ་ཤབ་བེ་ཤུབ་བེ། །
སེ་གོལ་ཐལ་རྡེབ་ཁྲལ་ལེ་ཁྲོལ་ལེ། །
རྔ་རྡུང་སྦུབ་དཀྲོལ་དིང་ངེ་ཆེམ་མེ། །
ཏིང་ཏིང་ཤགས་ཤགས་སིལ་ལེ་སིང་ངེ། །
ཌ་རུ་སིལ་སྙན་ཁྲོལ་ལེ་ཤང་ངེ། །
མི་རུས་རྐང་གླིང་འུར་རེ་དིར་རེ། །
པོད་དབང་ཕྱག་དབང་ལབ་བེ་ལེབ་བེ། །
གོས་གཏུབ་སྲུང་མདུད་དམ་མེ་དུམ་མེ། །
ཕུ་འདེབས་ཐུ་འདེབས་ཟམ་མེ་ཟིམ་མེ། །
གསང་ཆབ་བྱིན་འགྱེད་སད་དེ་སུད་དེ། །
སྐལ་ལྡན་གདུལ་བྱ་ལང་ངེ་ལོང་ངེ། །
ཕྱག་འབུལ་དཔྲལ་སྐོར་ཡམ་མེ་ཡོམ་མེ། །
དད་འདུས་འཁོར་ཚོགས་ཕང་ངེ་ཕུང་ངེ། །
གདན་གནོན་ཐུགས་སྲས་ཐ་རེ་ཐོར་རེ། །
ཐུགས་རུས་འབུང་གསུམ་ཤ་རེ་ཙ་རེ། །
ཐུགས་དམ་བོགས་འདོན་ཤ་རེ་མ་རེ། །
ཐུགས་རིག་ཚད་ཕེབས་ཤ་རེ་ཐལ་ལེ། །
ཐུགས་བཅུད་གདམས་ངག་ཤ་རེ་ན་རེ། །
དལ་ལེ་ལྷོད་དེ་ཀུན་སྤངས་བྱ་བྲལ། །
ཅམ་མེ་སིམ་མེ་རྟོགས་ལྡན་རི་པ། །
ཙེན་ནེ་ལྷན་ནེ་རྣལ་འབྱོར་གྲུབ་ཐོབ། །
ཁེར་རེ་ཧྲེང་ངེ་ཀུ་སཱ་ལི་པ། །
ཤུད་དེ་ཧྲོ་ཡེ་དུ་ཏི་ཤུད་དེ། །
སལ་ལེ་ཅུག་ནོ་པྲིང་རྒྱུད་སལ་ལེ། །
སང་ངེ་ནི་དུད་དུ་མུར་སང་ངེ། །
ཤུད་དེ་སལ་ལེ་སང་ངེ་ཤུད་དེ། །
ཞེས་གྲུབ་པའི་དབང་ཕྱུག་ཆེན་མོ་དམུ་སྒོམ་རྣལ་འབྱོར་པ་ནམ་མཁའ་རྒྱལ་མཚན་མཆོག དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོར་འཁོར་ལ་ཉེ་བ་འདིར། གྲུབ་ཆེན་གང་གི་གདན་འཛིན་བླ་མ་སྐུ་ཚ་ཁྲི་གཙུག་རྒྱལ་མཚན་མཆོག་གིས། དེ་གའི་མདོ་ཁམས་ཉག་ཤོད་བྱ་བཏང་རི་ཁྲོད་ཀྱི་གྲུབ་ཆེན་རྗེས་དྲན་རྩོམ་སྒྲིག་ཚོགས་མི། སྒོཿཉག་ཕྲན་ནམ་སྒོ་བོད་ཚང་ཉི་མ་རྒྱལ་མཚན་དང་། དྷིཿརང་འབར་རམ་སྡེ་དགེ་བསྟན་འཛིན་རྒྱལ་མཚན་ཟུང་གི་བརྒྱུད་ནས། སྔ་ཕྱིར་རྩོམ་སྐུལ་མངགས་བཅོལ་དོ་ནན་མཛད་པ་ལྟར། འདི་ནས་ཀྱང་རྗེས་དྲན་ཞུ་ཡུལ་དང་རྩོམ་སྐུལ་གནང་མཁན་བླ་སློབ་བཞི་ཀའི་མཚན་ལའང་རྒྱལ་མཚན་ཞེས་པའི་ཅོད་པན་ཐོགས་པ་དེའང་རྒྱལ་མཚན་བཞི་འཛོམས་ཀྱི་རྟེན་འབྲེལ་དམིགས་བསལ་ཞིག་ཏུ་མཐོང་ནས། བྲེལ་ཟིང་གིས་རྟབ་བེ་རྟོབ་བེར་གྱུར་པའི་ཉི་མ་འདི་ཚོར་ཆེད་རྐང་བཙུགས་ནས་རྟེན་འབྲེལ་འཕར་མ་ཞིག་ལ་དམིགས་ཏེ། རྫོགས་པ་ཆེན་པོ་«ཞང་ཞུང་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་»ཞལ་ཕྱེས་ཏེ་བམ་སྒྲོག་བྱེད་ཀྱིན། གྲུབ་ཆེན་རྗེས་དྲན་འདི་ཉིད་ཅི་ཤར་འགོག་མེད་ཐོལ་བྲིས་ཞུས་པ་ལགས་ན། གནའ་བོའི་རྫོགས་པ་ཆེན་པོའི་གསུང་རབ་ཁག་ཏུ་མཆིས་པའི་ཉམས་སྣང་བརྡ་ཚོན་གྱི་བརྡ་ཆད་ཐུན་མོང་མ་ཡིན་པ་རྣམས། འདིར་ལད་མོར་ཟློས་པའམ་ཤུགས་རྐྱེན་ཐེབས་པ་རྣམས་རྟེན་འབྲེལ་གྱི་ཟོལ་དུ་བསྒོམས་པ་འདི་ནི། ཞང་བོད་གཉིས་ལས་ཞང་ཞུང་གི་ཁོངས་སུ་གཏོགས་པའི་ཡུལ་ཕྲན་དོལ་པོ་ཞེས་པའི། ལྷོ་རོང་དོམ་སྒྲོ་ནག་པོའི་རོང་ཆེན་སྨུག་པོ་རོང་གི་འདབས་རོལ་དུ་དལ་རྟེན་ཐོབ་ཅིང་། སྙན་བརྒྱུད་ཆིག་བརྒྱུད་ཀྱི་བརྒྱུད་འཛིན་ཡང་སྟོན་བླ་མའི་གདན་ས་བསམ་གླིང་དགོན་པར་བོན་འབྲེལ་ཐོག་མར་ཐོབ་པའི་བསོད་ནམས་ཅན། ད་ལྟ་རྒྱ་མཚོའི་ཕ་རོལ་གྱི་ཤེས་རིག་འཚོལ་བའི་རྒྱལ་ཁམས་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་དུ་འབོད་པའི་འབུམ་རམས་པ་དེས་(༢༠༢༠།༡༡།༢༣ ཉིན་)བགྱིས་པས་ཐ་ཚན་མུ་ཙུ་སྨར་རོ།། །།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-གྲུབ་ཆེན་མུ་ལ་ཝེར་ཞིའི་རྗེས་དྲན་ཐོལ་མགུར།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།