རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 29 April 2021

དོལ་པོའི་བླ་མའི་རྣམ་ཐར་ཁག་མཇལ་བའི་སེམས་ཚོར་མགྱོགས་བྲིས་མ།

སློབ་སྤྲུལ་འཆི་མེད་ཚེ་དབང་། 


࿐ མི་སུ་ཡིན་ནའང་ཕ་ཡུལ་ལ་ཤ་ཞེན་མེད་པ་ནི་ཧ་ལམ་མི་སྲིད་པས། བདག་ཀྱང་ཕ་ཡུལ་གྱི་དབུ་འཕང་མཐོ་ན་དགའ་བ་དང་། དམའ་ན་སྐྱོ་མཁན་ཞིག་ཡིན་སྟབས། གནའ་བོའི་དཔེ་རྙིང་ཁྲོད་ཀྱི་སྐད་ཆ་འདི་དག་མཐོང་དུས་སེམས་རྩ་དྲོད་ཀྱིས་ཁེངས་ཡོང་། འདི་ནས་བརྩིས་པའི་མི་ལོ་བརྒྱ་ཕྲག་སྔོན་གྱི་ཕ་ཡུལ་ནི་སྐྱ་བོ་གཡོ་ཆུང་། སེར་མོ་ཆོས་བཟང་བས་རྒྱལ་ཁམས་དཀར་འབྱམས་ཡུག་ཅིག་གིས་ཁྱབ་ཡོད་ཚོད་འདུག  ལྷག་པར་དུ་བླ་མ་ཆོས་པ་ཕལ་ཆེ་བ་ཆོས་ལ་ཕྱོགས་རིས་མེད་པར་དོན་དམ་པའི་རིས་མེད་ངོ་མ་ཤ་སྟག་བྱུང་བ་ནི་སྤོབས་པ་མི་སྐྱེ་རང་སྐྱེ་རེད། གཏམ་དཔེ་ལའང་། བོན་ཆོས་ལ་དབྱེ་བ་མེད། ཆོས་སྐུ་ལ་རྒྱབ་མདུན་མེད། ཟེར་སྲོལ་ཡོད་པ་ལྟར། དོན་དངོས་ལའང་ལུང་པ་ཁ་ཤས་ན། ལྷ་ཁང་གི་ནང་ལོགས་ཕྱོགས་གཅིག་ཏུ་བོན་པོའི་ལྷ་སྐུ་དང་། ཕྱོགས་གཅིག་ལ་ཆོས་པའི་ལྷ་སྐུ་བཞེངས་པ་དང་། ཚོགས་པ་ཡང་ཆོས་བོན་གཉིས་གྲལ་གཡས་གཡོན་བྱས་ནས་ང་ཁྱོད་མེད་པར་ཚོགས་སྲོལ་ཡོད་འདུག 

    དེ་རིང་གླེང་བྱ་ངོ་མ་ནི། བོན་དང་ཆོས་ཀྱི་སྐོར་མིན་པར། མཁན་པོ་སྨན་བླ་མཆོག་གིས་བསྒྲིགས་པའི་དོལ་པོའི་བླ་མའི་རྣམ་ཐར་ཡིག་རྙིང་ཕྱོགས་བསྒྲིགས་གཙོས། དོལ་པོ་དང་དོལ་པོ་དང་འབྲེལ་བ་ཡོད་པའི་བླ་མའི་རྣམ་ཐར་བཅུ་ཕྲག་ཁ་ཤས་ཤིག་མཇལ་བའི་མྱོང་ཚོར་བཤད་ན། ངའི་ཕ་ཡུལ་དེར་བླ་མ་ཆོས་པ་ཡང་དག་པ་ཤ་སྟག་བྱུང་འདུག་སྙམ་པའི་སྤོབས་པ་སྐྱེས་འོང་བ་དེ་རེད། རྣམ་ཐར་དེ་དག་མཇལ་དུས་གློ་བོ་ཆོས་རྒྱལ་ཆེན་པོའི་བཀས་བཅད་ལྟ་བུས། བླ་མ་མང་པོ་ཞིག་ཀུན་མཁྱེན་གོ་བོ་རམ་འབྱམས་པའི་གདན་ས། གངས་ཅན་ལྗོངས་ཀྱི་ནཱ་ལནྡཱ་གཉིས་པ་གཙང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ཐོས་བསམ་མཛད་ནས། བཀའ་བཅུ་བ་དང་རབ་འབྱམས་པ་སོགས་ཀྱི་གོ་ཐོབ་ཅན་ཤ་སྟག་རེད་འདུག ཡིན་ནའང་དོལ་པོ་ལ་ཕེབས་རྗེས་སྔ་འགྱུར་བའི་བཀའ་བརྒྱད་རྣམ་གསུམ་དང་། གུ་རུ་དྲག་དམར། རྫོགས་པ་ཆེན་པོ། འགྲོ་མགོན་བཀའ་བརྒྱུད་པའི་ན་རོ་ཆོས་དྲུག ཕྱག་ཆེན། བདེ་མཆོག དཔལ་ལྡན་ས་སྐྱའི་ཀྱེ་རྡོར། གསུང་ངག་ལམ་འབྲས་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་དག་ཞུས་ཤིང་། ཉམས་ལེན་ཡང་དེ་དག་ཚང་མ་ཆ་མཉམ་དུ་མཛད་ཅིང་། གདུལ་བྱ་རྣམས་ལའང་དེ་ལྟར་དུ་བསྟན་ཚུལ་གསལ། 
    
    བླ་མ་དེ་དག་གི་རྣམ་ཐར་མགོ་ནས་མཇུག་བར་དུ་མཇལ་སྐབས་རང་ལུགས་རྙིང་མ། ཡང་ན་རང་ལུགས་ས་སྐྱ། རང་ཅག་ས་སྐྱ་པ་དང་། ཡང་ན་རང་ཅག་བཀའ་བརྒྱུད་པ་སོགས། ང་ཁྱོད་རྩལ་འདོན་བྱེད་པའི་སྐད་ཆ་ཚིག་གཅིག་གསུངས་པ་ཡང་མ་མཇལ་བས། དོན་ངོ་མའི་ཆོས་ལུགས་རིས་མེད་ཅེས་པ་དེ་ཁོང་རྣམ་པ་ཡིན་ཚོད་འདུག དཔེར་ན་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་སྔོན་ལ་དོལ་པོ་ཤེལ་རིའི་མཆོག་སྤྲུལ་རིན་པོ་ཆེ་འོག་མིན་དཔལ་གྱི་མཚུར་ཕུ་རུ་གསན་བསམ་གནང་ཡང་། ཁོང་གིས་དོལ་པོ་ལ་སྤྱན་དྲངས་པ་ནི་རིན་ཆེན་གཏེར་མཛོད། དཀོན་མཆོག་སྤྱི་འདུས། གནམ་ཆོས། མཆོག་གླིང་གཏེར་གསར་སོགས། བཀའ་རྙིང་ཐུན་མོང་གི་འདོན་ཆོག་ཤ་སྟག་ལས། བཀའ་བརྒྱུད་ཀྱི་ཐུན་མིན་འདོན་ཆའི་རིགས་དར་སྤེལ་མ་གནང་བ་འདི་ཁོ་ནས་ཀྱང་། སྔོན་ནས་དར་བའི་ཆོས་བརྒྱུད་རང་སོར་འཇོག་པ་ལས། ཕར་ཚུར་སྒྱུར་འདོད་ཀྱི་ཀུན་སློང་མེད་པ་གསལ་པོ་ཤེས་ཐུབ། 
    
    དེ་ལ་བརྟེན་ནས་དོལ་པོ་ཞེས་པའི་ཡུལ་གྲུ་འདི། ཁྱིམ་མཚེས་ཡུལ་གྲུ་གཞན་ཁག་ལས་ཆོས་པ་བཟང་ཤོས་ཀྱི་ལུང་པ་ཞིག་ཆགས་ཡོད་པ་གཏན་ཁེལ་ནས་བཤད་ཆོག་སྟེ། དོལ་པོའི་བླ་མའི་རྣམ་ཐར་ཁག་ཏུ་ཛུམ་ལང་མོན་གྱི་རྒྱལ་པོ་བསྙུན་ནས་གདན་དྲངས་ཚུལ་དང་། གློ་བོ་དང་ཛུམ་ལང་བར་ལ་དམག་འཁྲུག་བྱུང་དུས་ཀྱང་། ཕྱོགས་གཉིས་ཀས་དོལ་པོའི་བླ་མ་གདན་དྲངས་ནས་བར་འདུམ་གནང་ཚུལ། བལ་ཡུལ་རྙིང་མའི་སྨོན་ལམ་དྲན་དེབ་ཅིག་ཏུ་མུ་ཁུམ་ཡུལ་དུ་རྙིང་མ་དར་ཚུལ་ཞེས་པ་ལས། མང་ཆེ་བ་དོལ་པོའི་བླ་མ་ཁག་ནས་བརྒྱུད་ཚུལ་བྲིས་འདུག་ཅིང་། བྱང་ཐང་འབྲོག་པས་ཀྱང་དོལ་པོ་ཞེས་པའི་སྒྲ་བཤད་དུ། "ཆོས་བརྡོལ་བའི་རྡོལ་པོ་"ཟེར་སྲོལ་ཡོད་དེ། འདི་ཡིག་ཐོག་གི་དོལ་པོ་ཞེས་པའི་དག་ཆ་དང་མི་མཐུན་ཡང་། སྐབས་དེའི་དངོས་ཡོད་གནས་ཚུལ་གཞིར་བཞག་ནས། ཡི་གེ་མི་ཤེས་པའི་མི་ནག་ཚོས་སྒྲ་གདངས་ཁོ་ན་ལ་ཚད་འཛིན་བྱས་ནས་བཤད་པ་ཞིག་རེད།  
    
    དེ་བཞིན་མངའ་རིས་པཎ་ཆེན་དོལ་པོ་ཤེལ་རིའི་གནས་མཇལ་ལ་ཕེབས་དུས། ཕྱོགས་འདིར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སྡོད་དགོས་དགོངས་པའི་ཐུགས་ཚོར་དྲག་པོ་བྱུང་ཚུལ་རང་རྣམ་དུ་གསལ་ཡོད། དེ་བཞིན་སྐུ་ཚེ་སྨད་ཆ་ཚང་དོལ་པོ་རུ་སྐྱེལ་གནང་བའི་གློ་བོའི་བླ་མ་ངོར་ཆེན་བསོད་ནམས་བློ་གྲོས་ཞུ་བ་ཁོང་དང་པོ་དབུས་གཙང་དུ་ཐོས་བསམ་མཛད། ཕྱིས་སུ་ཡུལ་ལ་ལོག་ཕེབས་རྗེས་དམག་འཁྲུག་ལང་ནས་མི་ཤི་ཁྱིམ་སྟོངས་སུ་གྱུར་ཅིང་། སླར་དབུས་གཙང་ལ་ཕེབས་གྲབས་མཛད་དུས་བླ་མས། ད་ནི་མི་ངོ་དང་རྒྱུ་ངོ་གཉིས་ཀ་མེད་པས་དབུས་གཙང་ལ་ཕྱིན་ཀྱང་བླ་མ་རྣམས་ཀྱིས་རྗེས་སུ་འཛིན་པ་དཀའ། དེ་བས་དོལ་པོ་ལ་ཕྱིན་ན་མི་རྣམས་ཆོས་དད་ཆེ། མཐུན་རྐྱེན་འཛོམས་པས་དེར་ཕེབས་ནས་དགའ་ཚུལ་གསུངས་ནས་དོལ་པོ་ལ་ཕེབས་པར་གསུངས། 
    
    དེ་བཞིན་རྔོག་ཀརྨ་བློ་བཟང་ཞེས་པར་རྒྱལ་བ་འོད་དཔག་མེད་མགོན་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས། བྲག་དཀར་རྟ་སོར་བླ་ཚབ་ཏུ་བསྐོ་བཞག་གནང་བ་དེ་ཉིད་དབུས་གཙང་གཉིས་དང་། སྟོད་གངས་ཏི་སེའི་ཉེ་འདབས་པུ་རངས་དང་གླེ་མི་ནས། གུང་ཐང་། སྐྱིད་རོང་། གློ་བོ་དང་སྙེ་ཤང་སོགས་ཀྱི་བར་ཆ་ཚང་བསྐོར་ནས་དོལ་པོར་ཕེབས་དུས། "དོལ་པོའི་སྐྱེས་པ་བུད་མེད་ཆ་ཚང་ཆོས་དད་ཆེ་བས་སྒོམ་ལ་བརྩོན་འགྲུས་ཆེ། ལམ་དུ་འགྲོ་དུས་དང་ཞིང་ཁ་རྨོ་དུས་ཀྱང་དྲན་པ་མི་གཡེངས་ཤིང་། རོལ་མགོ་རོལ་གཞུག་ཏུའང་མཉམ་པར་འཇོག ལས་དང་དགེ་སྦྱོར་འདྲེས་མ་རྟག་ཏུ་བྱེད་ནུས་པ་འདི་འདྲ་ལུང་པ་གཞན་གང་དུའང་མཐོང་མྱོང་མེད།" ཅེས་གསུངས། དེ་ལྟ་བུའི་རྣམ་ཐར་ཁག་མཇལ་དུས་དད་པ་དང་སྤོབས་པ་གཉིས་ཀ་མི་སྐྱེ་ཀ་མེད་འདུག་སྟེ། དུས་ཀྱི་འགྱུར་བས་དེང་སང་ནི་བདག་ལྟ་བུ་ལའང་བླ་མིང་ཐོགས་པའི་དུས་ཚོད་ཤར་བ་ནི། སྙིགས་མའི་རང་མདངས་ཡིན་ངེས་སྙམ་པའི་སྐྱོ་ཆད་དེ་སེམས་ཁོང་དུ་ཆུད་པར་གྱུར་ཏོ།།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།