རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 28 April 2021

དབུ་མ་རྒྱན་ནི་ཐར་གླིང་བགྲོད་པའི་ལྡེ་མིག་ཅིག་ཅི་ལ་མིན།

ཆོས་དབྱིངས་བླ་མ། སྔ་འགྱུར་མཐོ་སློབ་ཆེན་མོ།

སེར་རིའི་ཕྲེང་བ་ནང་ནས་ཁྱད་འཕགས་པ།།
ས་འཛིན་ལྟ་བུའི་མཁན་ཆེན་ཞི་འཚོ་ཡི།།
ལས་སྐལ་ཐོབ་པའི་གུས་པས་རྗེས་འབྲངས་ནས།།
དད་པའི་འདབ་མ་སོར་བཅུ་ཁྱེད་ལ་འབུལ།།

རྒྱལ་བས་ལུང་བསྟན་ལངྐར་གཤེགས་པའི་མདོར།།
འདྲེན་པའི་བློ་གྲོས་དཔའ་བོ་ཆེན་པོ་བྱུང་།།
ཤེས་བྱ་ལྔ་རྣམས་སྟོན་པར་མཛད་གསུངས་ཏེ།།
ཤཱནྟ་རཀྵིཏ་ཉོན་མོངས་གཡུལ་ལས་རྒྱལ།།

ནཱ་ལནྡཱ་ཡི་ཡ་ཐོག་དུས་བཟང་ལ།
མཁས་གྲུབ་སེང་གེའི་ང་རོ་གྲགས་པའི་དུས།།
གང་ཉིད་འདུལ་འཛིན་དམ་པའི་མཆོག་གྱུར་ནི།།
ཐེ་ཚོམ་མི་དགོས་ལོ་རྒྱུས་ཁུངས་མར་གསལ།།

དེ་ལྟར་ཉུང་ངུའི་ཁུངས་ལུང་རྒྱུ་མཚན་གྱིས།།
ཚང་ཚིང་ཅན་གྱི་རྟོག་གེ་གཟུ་ལུམ་ལ།།
ཉི་མའི་ཟེར་གྱིས་བ་མོ་བཅོམ་པ་བཞིན།།
གཉིས་འཛིན་དྲྭ་བ་དེ་ཡིས་གཞོམ་པར་ཤོག།

གཞན་དུ་མི་གསལ་བརྗོད་བྱ་ཟབ་མོ་ནི།།
ཐུན་མོང་མིན་པའི་བཞེད་པ་རྣམ་ལྔ་རེད།།
དེ་ལུགས་བཞིན་དུ་ཐོས་བསམ་སྒྲུབ་པས་ན།།
ཐར་པའི་ཞིང་ཁམས་ལྡེ་མིག་དེ་ཡིས་མཆོག།

ཐུན་མོང་གདུལ་བྱ་ལམ་ལ་བཀྲི་བའི་ཕྱིར།།
མ་ནོར་ལམ་བཟང་སྐས་འཛེག་རིམ་པ་བཞིན།།
ཉན་ཐོས་ནས་བཟུང་དབུ་མའི་ལྟ་གྲུབ་ཀུན།།
གཞུང་འདིར་གསལ་བས་ཨེ་མ་ངོ་མཚར་ཆེ།།

ཕྱོགས་ཞེན་ཆེ་བའི་དེང་སང་ཆོས་སྡེ་འགའ།།
རང་རྒྱུད་ལྟ་བ་ཡང་དག་མིན་ནོ་ཞེས།།
རྒྱུ་མཚན་མེད་པའི་ཧམ་བཤད་ཆེན་པོ་ནི།།
ང་ཡི་བལྟས་ཀྱང་སྙིང་རྗེའི་ཡུལ་དུ་ཟད།།

ལྟ་བའི་ཡང་རྩེ་ཡིན་པའི་རློམ་སེམས་ཅན།།
སློབ་དཔོན་ཟླ་བའི་རྗེས་འབྲངས་ཡིན་སྙམ་ཡང་།།
དགག་བྱ་ཡན་གར་འཚོལ་བའི་ལྟ་བ་ནི།།
སློབ་དཔོན་གཞུང་ལ་གང་དུ་གསལ་ཡོད་དམ།

རྣམ་གྲངས་རྣམ་གྲངས་མིན་པའི་དོན་དམ་དང་།།
ཚད་མ་གཉིས་ཀྱི་སྐབས་ཤན་མ་ནོར་བར།།
བུང་བས་མེ་ཏོག་སྦྲང་རྩི་འཐུ་བ་བཞིན།།
ལེགས་བཤད་བཟང་པོ་འདི་ན་ལེན་རྒྱུ་ཡོད།།

ཐུན་མོང་གདུལ་བྱ་རྗེས་སུ་འཛིན་པ་ལ།།
དོན་དམ་མེད་ཀྱང་ཐ་སྙད་ཁས་ལེན་ནི།།
ཐབས་མཁས་ཅན་གྱི་སྟོན་པའི་དགོངས་པ་བཞིན།།
གཞུང་འདིར་གསལ་བས་བློ་བདེ་བག་ཕེབས་མཛོད།།

མུན་སེལ་སྒྲོན་མེ་དབུ་མའི་གཞུང་འདི་ནི།།
ཚིག་ཚོགས་ཉུང་ལ་བརྗོད་དོན་ཟབ་མོ་རེད།།
ཆོས་སྐལ་དེ་འདྲ་ངོ་མཚར་ཕུལ་བྱུང་ནི།།
བསོད་ནམས་སྟོང་ལས་གྲུབ་པ་ཅི་ལ་མིན།།

འཕགས་པ་དམ་པ་རྣམས་ཀྱི་མཛད་སྤྱོད་ལ།།
བླུན་པོ་ང་ཡིས་བསྟོད་པར་ག་ལ་ཤེས།།
འོན་ཀྱང་དད་པའི་གདུང་བ་མ་བཟོད་ནས།།
ལག་པའི་ཡལ་གས་ཅུང་ཟད་བྲིས་ནས་ཐལ།།
༢༨/༠༢/༢༠༢༡

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།