ཀུན་སློང་གསལ་འདེབས།
དེ་ལ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། ལྷ་སྒོམ་སྔགས་བཟླ་ལ་སོགས་པ་དགེ་བའི་རྩ་བ་གང་དང་གང་ཞིག་བསྒྲུབ་པའི་གནས་སྐབས་ནའང་། ཐོག་མར་གལ་ཆེ་བ་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་གལ་ཆེ་བ་དངོས་གཞི་དམིགས་མེད་དམ་པ། ཐ་མར་གལ་ཆེ་བ་རྗེས་བསྔོ་བ་དམ་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་འདི་ཐེག་པ་ཆེན་པོའི་ལམ་གྱི་ཁྱད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་པ་རེད། དཔེར་ན་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་གི་དགོངས་འགྲེལ་མདོ་སྡེ་རྒྱན་གྱི་ཐབས་ལྡན་གྱི་ལེའུའི་སྐབས་ན། བྱང་ཆུབ་སེམས་དཔའི་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་པར་བྱེད་པའི་ཐབས་ལ་མཁས་པའི་རྣམ་གྲངས་མདོ་ལས་གསུངས་པ་མང་པོ་ཞིག་བཀོད་ཡོད་ནི་རེད། ད་དེ་དག་ཐམས་ཅད་ཀྱི་དོན་ཚུར་བསྡུས་ན། ཀུན་མཁྱེན་བླ་མས།
ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ།།
སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད།།
རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི།།
ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན།།
ཞེས་གསུངས་པ་ལྟ་བུའི་དམ་པ་གསུམ་གྱི་ཁོངས་སུ་འདུས་པར་བླ་མ་མི་ཕམ་གྱི་མདོ་སྡེ་རྒྱན་གྱི་འགྲེལ་བའི་ནང་ན་གསུངས་ཡོད་ནི་རེད།
དང་པོ། སྦྱོར་བ་སེམས་བསྐྱེད་དམ་པ།
༡ སེམས་བསྐྱེད་ཀྱི་ཕན་ཡོན།
དེའི་ཕྱིར་ན། ད་དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་གལ་ཆེ་ནི་རེད། དེ་ལ་ཕན་ཡོན་དཔག་ཏུ་མེད་པ་ཞིག་ཡོད་ནི་རེད། བྱང་སེམས་སྤྱོད་འཇུག་ལས།
སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་།།
སེམས་ཅན་མི་བདེ་བསལ་བར་འདོད་པ་དང་།།
བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་།།
བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ།།
ཞེས་དང་།
སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་།།
དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར།།
གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་འགྱུར་བ།།
དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན།།
ཞེས་གསུངས། འུ་ཅག་རང་གཞན་སོ་སོའི་སྐྱེ་བོ་སུ་ཡིན་ནའང་ཐོག་མ་མེད་པའི་དུས་ནས་ད་ལ་མ་ཐུག་གི་བར་དུ་སྡིག་སྒྲིབ་དཔག་ཏུ་མེད་པ་ཞིག་བསགས་ཡོད་ནི་རེད། ཞིང་ཁམས་མངོན་དུ་འགྱུར་བར་བྱེད་པ་ལ་གེགས་ཤིག་ཡོད་ན་དེ་སྡིག་སྒྲུབ་རེད། དེ་བཞིན་དུ་རང་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེ་བའི་གེགས་ཐམས་ཅད་སྡིག་སྒྲིབ་མ་གཏོགས་གཞན་ཅི་ཡང་ཡོད་ནི་མ་རེད། དེ་ལྟ་བུའི་སྡིག་སྒྲིབ་ཐབས་ཅད་བཤགས་པར་འདོད་ནའང་གཉེན་པོ་ལམ་གྱི་རྩ་བ་རིན་ཆེན་བྱང་ཆུབ་སེམས་ཡིན་པར་གསུངས་ཡོད་ནི་རེད། དེ་དང་འདྲ་བར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་རྩ་ཐམས་ཅད་ནི། འབྲས་བུ་ཡང་ནས་ཡང་དུ་བསྐྱེད་ན་ཡང་སངས་མ་རྒྱས་བྱང་མ་ཆུབ་ཀྱི་བར་དུ་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་གསུངས།
བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་རྩ་ཐམས་ཅད་ནི་ཆུ་ཤིང་ཨེ་རན་དའི་སྡོང་པོ་བཞིན་དུ་འབྲས་བུ་ལན་གཅིག་བསྐྱེད་ནས་ཟད་པར་འགྱུར་བ་དང་། དེ་ལྟ་བུའི་ཁྱད་པར་ཡོད་པར་གསུངས་ཡོད་ནི་རེད། བྱང་སེམས་སྤྱོད་འཇུག་ལས།
དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།།
འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད།།
བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་།།
འབྲས་བུ་བསྐྱེད་ནས་མི་ཟད་འཕེལ་བར་འགྱུར།།
ཞེས་གསུངས་པ་རེད། དེ་ལྟ་བུའི་ཕན་ཡོན་དཔག་ཏུ་མེད་པ་ཞིག་རེད།
བྱང་ཆུབ་ཀྱི་སེམས་ཟེར་བ་འདི་དཔག་བསམ་གྱི་ལྗོན་ཤིང་དང་། གསེར་འགྱུར་གྱི་རྩི་དང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་དཔེ་ཉིས་བརྒྱ་དང་སུམ་ཅུ་ཡི་སྒོ་ནས་མདོ་སྡེ་སྡོང་པོ་བཀོད་པའི་སྐབས་ན་བྱང་ཆུབ་སེམས་དཔའ་བྱམས་པ་དང་ནོར་བཟང་གཉིས་ཀྱིས་དྲི་བ་དང་དྲིས་ལན་གྱི་ཚུལ་གྱིས་གསུངས་ཡོད་ནི་རེད། སྤྱོད་འཇུག་ལས།
དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་ཡང་།།
བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད།།
ཅེས་གསུངས་པ་ལྟ་བུ་རེད། རིན་ཆེན་བྱང་ཆུབ་ཀྱི་སེམས་འདི་གང་ཟག་སུའི་རྒྱུད་ལ་སྐྱེས་ན་ཡང་། དེ་ནས་བཟུང་སྟེ་རིགས་ལ་བཟང་ངན་དང་ལུས་ལ་ཕོ་མོ་ན་ཚོད་ལ་རྒན་གཞོན་ལ་སོགས་པའི་ཁྱད་པར་མེད་པར་མིང་གནས་གྱུར་ནས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་དང་སེམས་མ། དོན་གནས་གྱུར་ནས་འཇིག་རྟེན་ལྷ་དང་བཅས་པ་མི་དང་བཅས་པ་ཐམས་ཅད་ཀྱིས་ཕྱག་དང་མཆོད་པ་བྱེད་པའི་འོས་སུ་གྱུར་བ་ཡིན་པར་གསུངས་ཡོད་ནི་རེད།
བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།།
འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།།
བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་།།
འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།།
ཞེས་གསུངས་པ་རེད།
༢. སེམས་བསྐྱེད་ཀྱི་ངོ་བོ་དང་བསྐྱེད་ཚུལ།
དེ་ལྟ་བུའི་ཕན་ཡོད་ཚད་མེད་དཔག་ཏུ་མེད་པ་དང་ལྡན་པའི་རིན་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོའམ་མཚན་ཉིད་དེ་གང་ལྟ་བུ་ཞིག་ཡིན། རང་གི་སེམས་ཀྱི་སྟེང་དུ་ཅི་ལྟ་བུ་ཞིག་བསྐྱེད་དགོས་པ་ཡིན་ན། ཤེར་ཕྱིན་མངོན་རྟོགས་རྒྱན་ལས།
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།
ཡང་དག་རྫོགས་པའི་བྱང་ཆུབ་འདོད།།
ཅེས་གསུངས་པ་ལྟར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་དོན་གཉིས་སམ་ཟུར་གཉིས་ཚང་བའི་ཐབས་ཤེས་ཁྱད་པར་ཅན་དེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་རེད། དེ་ལ་ཟུར་དང་པོ་སྙིང་རྗེས་གཞན་དོན་ལ་དམིགས་པ་ཟེར་ནི་རེད། ད་དང་པོ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་དང་རང་གི་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་ཚོར་སྣང་ལ་ཞིབ་ཏུ་འདང་བརྒྱབ་ནས། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཞིག་ཁ་ཙམ་ཚིག་མ་ཡིན་པར་སྙིང་ཐག་པ་ནས་བསྐྱེད་དགོས་ནི་རེད། དེ་ཟུར་དང་པོ་སྙིང་རྗེས་གཞན་དོན་ལ་དམིགས་པ་རེད། དེ་ནས་ད་ཟུར་གཉིས་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཟེར་བ་དེ། དེ་ལྟ་བུའི་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བྲལ་བའི་ཕྱིར་དུ། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་འདོད་པ་ལ། ཟུར་གཉིས་པ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཟེར་ནི་རེད། དེ་ལྟ་བུའི་དོན་གཉིས་སམ་ཟུར་གཉིས་ཚང་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡོད་ན། དེས་དགེ་བ་གང་བསྒྲུབས་པ་ཐམས་ཅད་ཐེག་པ་ཆེན་པོའི་དགེ་རྩ་རེད། གང་ཟག་དེ་ཡང་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་སྟེ་ཐེག་པ་ཆེན་པོ་པ་ཟེར་བ་དེ་རེད། བྱང་ཆུབ་ཀྱི་སེམས་མེད་ན་ཐེག་པ་ཆེན་པོ་པར་འགྲོ་མི་ཐུབ་པ་རེད།མཉམ་མེད་ཇོ་བོ་རྗེ་ཡིས་ཀྱང་།
ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད།།
ཅེས་གསུངས་ཡོད་ནི་རེད།
རང་གིས་བསྒྲུབ་རྒྱུའི་དགེ་བ་འདི་ཐེག་ཆེན་གྱི་དགེ་རྩ་རུ་འགྲོ་འི་ཡོད་མེད། རང་གི་སེམས་ཀྱི་སྟེང་ན་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱིས་ཤེས་ནི་རེད། དེས་ན་རང་གི་སེམས་ཀྱི་སྟེང་ལ་བལྟས་ན་ཧ་གོ་ནི་རེད། དེ་ལྟ་བུའི་ཐེག་ཆེན་ལམ་གྱི་རྩ་བ་རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཞིག་ཡིན་ནི་རེད། དེ་ལྟར་ཡིན་དུས་ད་དང་པོ་རང་གི་སེམས་ཀྱི་སྟེང་དུ་རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཨེ་ཡོད་མི་ཡོད་བརྟགས་ནས་ཡོང་ན། བཅོས་མ་མ་ཡིན་པའི་སྒོ་ནས་ཡོད་ཟེར་རྒྱུ་འདི་དཀའ་མོ་ཡིན་ནི་རེད། དེས་ན་བཅོས་མ་དང་བཅོས་མ་ཡིན་པའི་སྒོ་ནས་སམ་བཅོས་མ་ཚུན་ཆད་ནས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་དུས་རྟག་ཏུ་འབད་དགོས་ནི་རེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ནི་ཤིན་ཏུ་ནས་ཀྱང་ཆེ་བ་ཞིག་ཡིན་ནི་རེད།
༣. སེམས་བསྐྱེད་ཀྱི་དབྱེ་བ།
དེ་ལྟ་བུའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ལ་གང་ཟག་གི་སེམས་སྟོབས་ཆེ་ཆུང་གི་ཁྱད་པར་གྱིས་དབྱེ་ན། ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་དེའི་རྗེས་སུ་རང་ཉིད་སངས་རྒྱས་འཐོབ་པར་འདོད་པ་དཔེ་མེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་དང་། རང་གཞན་སེམས་ཅན་ཐམས་ཅད་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པ་མཉན་པའམ་གྲུ་བ་ལྟ་བུའི་སེམས་བསྐྱེད་དང་། ཐོག་མར་རང་ཉིད་སངས་རྒྱས་ནས་དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་འདོད་ཆེན་པོ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ། སེམས་བསྐྱེད་ཀྱི་དབྱེ་བ་གསུམ་ཡོད་པར་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་གསུངས་ཡོད་ནི་རེད། དེ་དང་འདྲ་བ་ཞིག་ཏུ། ཆོས་ཉིད་ཀྱི་དོན་ལ་དོན་སྤྱིའི་ཚུལ་གྱིས་བསྒོམས་པའི་ཚོགས་སྦྱོར་གྱི་གནས་སྐབས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ལ་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། བདག་གཞན་མཉམ་པ་ཉིད་དམ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ས་དང་པོ་ཡན་ཆད་ཀྱི་སེམས་བསྐྱེད་དེ་ལ་ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད་དང་། ས་བརྒྱད་པ་ལ་སོགས་པའི་དག་པ་ས་གསུམ་གྱི་སྐབས་ན་ལམ་ལ་ངང་གིས་འཇུག་པའི་སེམས་བསྐྱེད་དེ་ལ་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་དེ་ལ་སྒྲིབ་གཉིས་བག་ཆགས་ཀུན་སྤངས་པའི་སེམས་བསྐྱེད་ཟེར། དེ་ནས་དེ་ལ་རྒྱས་པར་དབྱེ་ན། ཚོགས་ལམ་ནས་བཟུང་སྟེ་སངས་རྒྱས་ཀྱི་ས་ཡི་བར་དུ།
དེ་ཡང་ས་གསེར་ཟླ་བ་མེ།།
གཏེར་དང་རིན་ཆེན་འབྱུང་གནས་མཚོ།།
རྡོ་རྗེ་རི་སྨན་བཤེས་གཉེན་དང་།།
ཡིད་བཞིན་ནོར་བུ་ཉི་མ་གླུ།།
རྒྱལ་པོ་མཛོད་དང་ལམ་པོ་ཆེ།།
བཞོན་པ་བཀོད་མའི་ཆུ་དང་ནི།།
སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།།
རྣམ་པ་ཉི་ཤུ་རྩ་གཉིས་སོ།།
ཞེས་བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་ཡོད་པར་གསུངས་ཡོད་ནི་རེད། དེ་ལྟ་བུའི་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འདི། རང་རྒྱུད་ལ་བསྐྱེད་པ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཐེག་ཆེན་ལམ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཞིག་དང་། ཐེག་ཆེན་གྱི་ལམ་ཐམས་ཅད་ཀྱི་གཞུང་ཤིང་ལྟ་བུ་ཡིན་ནི་རེད། གཞུང་ཤིང་ཟེར་དོན་ནི། བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་ན་དེ་ལམ་ལྔ་པོ་གང་རུང་ཞིག་ཡིན་ནི་རེད། བྱང་ཆུབ་ཀྱི་སེམས་རྒྱུད་ན་མེད་དུས་ལམ་ལྔ་གང་ཡང་ཡིན་ནི་མ་རེད། དེའི་ཕྱིར་ན་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་ཟེར་ནི་རེད། ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་གལ་ཆེ་ནི་རེད། ད་འུ་ཅག་གིས་ཆོ་ག་གང་ཞིག་བཏོན་པ་ཡིན་ན་ཡང་ཐེག་ཆེན་གྱི་གཞུང་ཞིག་ཡིན་ནས་བཟུང་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་དབུ་བཟུང་ནས་མར་འདོན་པ་རེད། དེ་ལྟར་ཐོག་མ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྩིས་ཟིན་པ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་རེད།
གཉིས་པ། དངོས་གཞི་དམིགས་མེད་དམ་པ།
དེ་ནས་དངོས་གཞི་དམིགས་མེད་དམ་པ་ཟེར་བ་འདི་ནི། རང་གིས་ལྷ་ཞིག་བསྒོམས་པ་ཡིན་ནའང་དང་པོ་སྟོང་པའི་ངང་ནས་བསྒོམ་དགོས་པ་རེད། ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། སྟོང་བཞིན་དུ་སྣང་བ་ཞིག་ཡིན་པ་རེད། སྣང་བཞིན་དུ་སྟོང་བ་ཞིག་ཡིན་པ་རེད། དེ་ནི་ཡེ་ནས་དེ་ལྟར་ཡིན་པ་རེད། དེ་ལྟར་རྟོགས་པའི་མདོ་དང་སྔགས་ཀྱི་ལྟ་བ་མཚན་ཉིད་པ་ཞིག་ཡོད་ན་གང་འདྲ་ཞིག་བཏོན་ན་ཡང་ནུས་པ་ཁྱད་པར་ཅན་ཚོགས་རྫོགས་སྒྲིབ་པ་དག་པར་བྱེད་པའི་ཆོད་ཆེན་པོ་དེ་ལྟ་བུ་ཞིག་ཡིན་ནི་རེད། དེ་ལྟ་བུའི་སྣང་སྟོང་མཉམ་པ་ཆེན་པོ་དེ་ཐབས་གང་ལ་བརྟེན་ནས་ཇི་ལྟར་རྟོགས་དགོས་པ་ཡིན་ཞེ་ན། མདོ་ཡི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་ཀྱི་སྐབས་ན་གསུངས་པ་ལྟར་དུ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་ས་དང་པོ་ལ་གནས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས་དབུ་མའི་གཞུང་རྣམས་སུ་རྒྱུ་མཚན་དང་གཏན་ཚིགས་ཀྱི་སྒོ་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ཡོད་ནི་རེད། དེ་ནི་དཔེ་ཆ་སྦྱོང་བའི་རིག་པ་རྣོན་པོ་ཞིག་ཡིན་ན་དབུ་མའི་གཞུང་ལ་སྦྱངས་ཏེ་རྒྱུ་མཚན་དུ་མའི་སྒོ་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་སྟེ་དཔྱད་པའི་སྒོ་ནས་རྟོགས་པ་ཡོད་ན་དེ་མདོ་ཡི་ལྟ་བ་རེད།
གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་སློབ་མ་སྔོན་སྦྱངས་དང་དད་པ་དང་ལྡན་པ་ལ་བླ་མ་བརྒྱུད་པའི་བྱིན་རླབས་དང་ལྡན་པ་དེ་ལྟ་བུ་གུང་འཛོམ་པའི་སྐབས་སུ་དབང་དང་མན་ངག་གི་སྒོ་ནས་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་སེམས་ཀྱི་སྟེང་གི་སྣང་སྲིད་སེམས་ཀྱི་རང་སྣང་སྣང་སྟོང་མཉམ་པ་ཆེན་པོའི་རང་བཞིན་ཅན་དུ་ངོ་སྤྲད་རྒྱུ་ཞིག་ཡོད་ནི་རེད། དེ་ལྟ་བུ་ཡིན་ན་ཉམས་མྱོང་གི་སྒོ་ནས་གནས་ལུགས་ཀྱི་ལྟ་བ་རྟོགས་པ་ཟེར་བ་རེད། མདོ་ཡིས་དཔྱད་པས་རྟོགས་པ་རེད། དེ་ལྟ་བུའི་མདོ་དང་སྔགས་ཀྱི་ལྟ་བ་མཚན་ཉིད་དང་ལྡན་པ་ཞིག་ཡོད་ན་དེའི་ངང་ནས་བསྒོམ་དགོས་པ་རེད།
མ་ཧཱ་ཡོ་གའི་ལྷ་བསྐྱེད་ལུགས་རྣམས་ཀྱི་ནང་ན། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ནས་ཀུན་སྣང་གི་ཏིང་ངེ་འཛིན། དེ་ནས་རྒྱུའི་ཏིང་ངེ་འཛིན་ཞེས་ཏིང་འཛིན་རྣམ་གསུམ་གྱིས་ཁོག་ཕུབ་ནས་བསྒོམ་དགོས་པ་རེད། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཟེར་རྒྱུ་དེ་ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་ཀྱི་ངང་ནས་བསྒོམ་དགོས་པ་དེ་རེད། གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ཟེར་བ་ནི་དེ་ལྟར་མ་རྟོགས་པའི་སེམས་ཅན་འཁྲུལ་སྣང་སྡུག་བསྔལ་སྤྱོད་པ་རྣམས་ལ་སྙིང་རྗེ་བསྐྱེད་པ་དེ་རེད། དེ་ནས་གསུམ་པ་རྒྱུའི་ཏིང་འཛིན་ཟེར་རྒྱུ་ནི་སྟོང་ཉིད་སྙིང་རྗེ་དེ་གཉིས་ཀ་དབྱེར་མེད་པའི་ངོ་བོ་ལྷ་དང་གཞལ་ཡས་ཁང་གི་ས་བོན་ལ་སོགས་པ་བསྒོམ་པ་ནས་བཟུང་སྟེ་ཡར་ལྷ་ཡོངས་རྫོགས་བསྒོམ་དགོས་པ་དེ་རེད། བསྡུས་མ་བྱས་ན། འགའ་ཞིག་གི་སྐབས་ན་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་ལྷ་དེ་བསྒོམ་པ་ཆོ་ག་རྣམས་སུ་དེ་ལྟ་བུ་ཡོད་པ་རེད། དེ་ལྟ་བུའི་ཏིང་འཛིན་རྣམ་གསུམ་གྱི་ངང་ནས་རང་གི་ལྷ་བསྒོམ་པ་ཡིན་ན་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བའི་སྣང་སྟོང་མཉམ་པ་ཆེན་པོའི་རང་བཞིན་དུ་རྟོགས་པ་དེ་ལྷ་ཡི་དགོངས་པ་ཡང་རེད། རང་གི་སེམས་ཀྱི་ཆོས་ཉིད་ཀྱང་ངོ་འཕྲོད་ན་དེ་ལྟ་བུ་ཞིག་ཡིན་ནི་རེད། ལྷ་ཡི་ཐུགས་ཀྱང་དེ་ལྟ་བུ་ཞིག་ཡིན་ནི་རེད། རང་ལྷ་ཡིན་པར་བསྒོམ་པ་ལ་མ་ཡིན་པ་ཞིག་ཡིན་པར་བསྒོམ་པ་མིན་དོན་ནི་སེམས་ཀྱི་སྟེང་གི་དེ་ལྟ་བུའི་སྣང་སྟོང་མཉམ་པ་ཆེན་པོའི་རང་བཞིན་དེ་ངོ་འཕྲོད་ཡོད་ན་ཤིན་ཏུ་ནས་ཀྱང་གལ་ཆེ་བ་དེ་རེད། དེ་ལྟ་བུའི་ལྷ་དང་བླ་མ་དབྱེར་མེད་པར་རྟོགས་པའི་ངང་ནས་བསྒོམ་དགོས་པ་རེད།
དེ་ལྟར་བསྒོམས་ན་ད་དེ་ནི་ཤིན་ཏུ་ནས་ཀྱང་ལམ་གྱི་དངོས་གཞི་ཁྱད་པར་ཅན་ཞིག་ཡིན་ནི་རེད། འུ་ཅག་གིས་སྡིག་སྒྲིབ་བཤགས་པར་བྱེད་པ་ལ་གཉེན་པོ་སྟོབས་བཞི་ཡོད་པའི་ནང་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཟེར་རྒྱུ་དེ་མཐར་ཐུག་པ་དེ་ལྟ་བུའི་གནས་ལུགས་ཀྱི་ལྟ་བ་རྟོགས་ཡོད་དགོས་པ་རེད། དེ་ནས་རྟེན་གྱི་སྟོབས་ཟེར་རྒྱུ་དེ་ལྷ་བསྒོམ་སྔགས་བཟླ་བ་ལ་བརྟེན་པ་དེ་ལྟ་བུ་རེད། དེ་ནས་སྡིག་པ་སྔར་བྱས་ལ་འགྱོད་པ་ལ་སུན་འབྱིན་པའི་སྟོབས་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ལ་སོར་ཆུད་པའི་སྟོབས་ཟེར་བ་རེད། དེ་ལྟ་བུའི་སྟོབས་བཞི་ཚང་བ་ཡིན་ན་སྡིག་སྒྲིབ་བཤགས་པར་བྱེད་པའི་གཉེན་པོ་ཁྱད་པར་ཅན་ཡིན་པ་རེད། དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་བཏོན་ན་སྡིག་སྒྲིབ་དག་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པ་རེད། དེ་ལྟ་བུའི་རིགས་བརྒྱ་རིགས་ལྔ་ལ་སོགས་པ་གཅིག་ཏུ་འདུས་པ་རྡོ་རྗེ་སེམས་དཔའ་རེད། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ནི་རེད། དེ་ལྟར་ལྷ་བསྒོམ་པ་དེའི་ངང་ནས་མ་གཡོས་ན་དངོས་གཞི་དམིགས་མེད་དམ་པ་རེད། དགེ་རྩ་རྐྱེན་གྱིས་མི་བཤིགས་པ་དངོས་གཞི་དམིགས་མེད་དམ་ཟེར་བ་རེད། སྣང་སྟོང་མཉམ་པ་ཆེན་པོའི་ངང་ནས་མ་གཡོས་པ་ཡིན་ན་གོལ་ས་ནོར་ས་ཅི་ཡང་ཡོད་ནི་མ་རེད། དེ་མིན་དུས་གོ་འགྲོ་བ་རེད། འཛིན་པ་ཁྱད་པར་ཅན་ཞུགས་སོང་བ་ཡིན་ན་རྒྱལ་པོ་ལ་སོགས་པར་གོལ་འགྲོ་རྒྱུ་འདྲ་བ་དང་། དེ་མིན་ན་ཡང་འཁྲུལ་བའི་རྣམ་རྟོག་གི་དབང་དུ་སོང་ནས་འཁྲུལ་འགྲོ་རྒྱུ་ཡོད་ནི་རེད། དེ་ལྟ་བུའི་སྣང་སྟོང་མཉམ་པ་ཆེན་པོ་རྟོགས་པའི་ངང་ནས་ལྷ་བསྒོམ་སྔགས་བཟླས་པ་ཡིན་ན་རྐྱེན་གང་གིས་ཡང་མི་བཤིག་པས་ན་དགེ་རྩ་རྐྱེན་གྱིས་མི་བཤིག་པ་དངོས་གཞི་དམིགས་མེད་དམ་པ་ཟེར་བ་རེད།
གསུམ་པ། མཇུག་བསྔོ་བ་དམ་པ།
དེ་ནས་མཇུག་བསྔོ་བ་དམ་པས་རྩིས་ཟིན་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ནི་རེད། རང་གི་དགེ་རྩ་གང་བསགས་འདིས་མཚོན་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཀྱིས་འབྲས་བུ་འདི་ལྟ་བུ་ཞིག་འགྲུབ་དགོས་སྙམ་དུ་སེམས་བསྐྱེད་དེ་གསལ་བཏབ་པ་ལ་བསྔོ་བ་ཟེར་ནི་རེད། བསྔོ་རྒྱུའི་དགེ་རྩ་དང་མ་འབྲེལ་བ་ཡིན་ན་སྨོན་ལམ་ཟེར། དེ་ལྟ་བུའི་བསྔོ་བ་དང་སྨོན་ལམ་བྱེད་དགོས། དེ་ལྟར་བསྔོ་བའི་ཚུལ་དེ་ལ་ཡང་དཔེར་ན་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དོན་དེ་རྒྱས་པར་འགྲེལ་ན་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པ་རེད། བྱང་ཆུབ་སེམས་དཔའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཟང་པོ་སྤྱོད་པའི་ནང་དུ་མ་འདུས་པ་ཡོད་ནི་མ་རེད། དེ་ཇི་བཞིན་དུ་འདེབས་ཤེས་པ་ནི། ས་དང་པོའི་སྐབས་སུ།
ཀུན་ཏུ་བཟང་པོ་སྨོན་པས་རབ་བསྔོས་དགའ་བ་ལ།།
རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ།།
ཞེས་གསུངས་པ་ལྟར་དུ་ཇི་བཞིན་དུ་འདེབས་ནུས་པ་དང་། ས་དགུ་པའི་སྐབས་སུ་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་རྫོགས་པར་འགྱུར་ཞེས་གསུངས་ཡོད་པ་རེད།
ད་དེ་ལྟ་བུའི་བསྔོ་བ་དང་སྨོན་ལམ་འདི་ཚུར་བསྡུས་བཞག་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་བཅུའི་ཁོངས་སུ་འདུས་ཡོད་གསུངས་ཡོད་ནི་རེད། སྨོན་ལམ་ཆེན་པོ་བཅུ་གང་ཡིན་ན།
སངས་རྒྱས་མཆོད་དང་དམ་ཆོས་འཛིན།།
ལུས་ཀུན་སྟོན་དང་ཞིང་ཀུན་འཇུག།
ཕར་ཕྱིན་རྫོགས་དང་སེམས་ཅན་སྨིན།།
ཞིང་སྦྱངས་སྤྱོད་ཡུལ་མཐུན་པར་གནས།།
སྤྱོད་ཀུན་དོན་ཡོད་བྱང་ཆེན་ཐོབ།།
བྱང་སེམས་སྨོན་ལམ་ཆེན་པོ་བཅུའོ།།
ཞེས་གསུངས་པ་ལྟ་བུའི་སྨོན་ལམ་ཆེན་པོ་བཅུའི་ཁོངས་སུ་བྱང་ཆུབ་སེམས་དཔའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་དོན་གྱིས་འདུས་ཡོད་གསུངས་པ་རེད།
༡. དེའི་ནང་ནས་དང་པོ་སངས་རྒྱས་མཆོད་པར་སྨོན་ལམ་འདེབས་དགོས་པ་རེད། རང་གི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཐམས་ཅད་ལ་སྐྱོ་ངལ་མེད་པའི་སྒོ་ནས་མཆོད་པ་འབུལ་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད།
མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར།།
དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི།།
ཞེས་གསུངས་པ་ལྟ་བུ་རེད།
༢. དེ་ནས་སངས་རྒྱས་དེ་ཡིས་གསུངས་པའི་ལུང་དང་རྟོགས་པའི་ཆོས་རང་རྒྱུད་ལ་འཛིན་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད།
༣. དེ་ནས་རང་གི་ལུས་འདི་གང་ལ་གང་འཚམ་ལ་སྤྲུལ་ནས་ཕྱོགས་བཅུའི་ཞིང་ཀུན་ཏུ་བསྟན་པ་དང་སེམས་ཅན་གྱི་དོན་དུ་སྟོན་ནུས་པར་གྱུར་ཅིག
༤. ཕྱོགས་བཅུའི་ཞིང་ཀུན་ཏུ་འཇུག་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད།
༥. ཕར་ཕྱིན་རྫོགས་དང་སེམས་ཅན་སྨིན། །ཞེས་གསུངས་ནས། སྦྱིན་པ་སྦྱིན་ཚུལ་ཁྲིམས་སྲུང་བ་ལ་སོགས་པའི་སྒོ་ནས་ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད། ཕར་ཕྱིན་རྫོགས་དང་སེམས་ཅན་སྨིན་པར་སྨོན་ལམ་འདེབས་དགོས་པ་རེད།
༦. སེམས་ཅན་སྨིན་ཟེར་ན་སེམས་ཅན་གཞན་གྱི་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེ་རུང་བའི་བདག་ཉིད་ཅན་ནམ་སྐྱེ་མ་རག་པའི་བདག་ཉིད་ཅན་དུ་བྱིན་གྱིས་བརླབ་ནུས་པར་གྱུར་ཅིག་ཅེས་སེམས་ཅན་གཞན་གྱི་རྒྱུད་ལ་འགྱུར་བ་གཏང་དགོས་ནི་རེད།
ངོ་མ་ཡིན་ན་ཐེག་པ་ཆེན་པོའི་གཞུང་གི་ནང་ན་སེམས་ཅན་གཞན་གྱི་རྒྱུད་ལ་འགྱུར་བ་དེ་གཏོང་དགོས་གསུངས་ཡོད་པ་རེད། དེ་ཡང་འགྱུར་བ་གཏོང་ཆེ་སོང་ན་བླ་རུང་སྒར་འདྲ་བ་རེད། དེ་རྒྱ་ཡིས་མི་ཆོག་ཟེར་བ་རེད་མ་གཏོགས་པ་དེ་མིན་ཅང་མ་རེད། གཞན་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེ་རུང་བར་བྱིན་གྱིས་བརླབ་དགོས་སྨོན་ལམ་འདེབས་དགོས་ཞེས་ཐེག་པ་ཆེན་པོའི་གཞུང་ན་བཤད་ཡོད་པ་རེད། དེ་ལྟ་བུའི་སྤངས་རྟོགས་ཀྱི་ཡོན་ཏན་སྐྱེ་རུང་བར་བྱིན་གྱིས་བརླབས་བཞག་པ་དེ་ལ་སེམས་ཅན་སྨིན་གསུངས་པ་རེད། དེ་ལྟར་བྱིན་གྱིས་བརླབ་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད།
༧. ཞིང་སྦྱང་ཟེར་རྒྱུ་ནི། དེ་ནས་ད་སྣོད་བཅུད་ཐམས་ཅད་རང་ངོར་དག་པ་འབའ་ཞིག་གི་རང་བཞིན་ཅན་དུ་སྣང་ནུས་པར་སྨོན་ལམ་འདེབས་དགོས་པ་དེ་རེད། སེམས་ཅན་ཐམས་ཅད་ལ་སྣང་དགོས་ཟེར་ན་ཡང་། སེམས་ཅན་རང་རང་གི་སྒྲིབ་པ་ཡིས་བསྒྲིབས་སོང་དུས་སྣང་མི་ཐུབ་པ་རེད་དེ། རང་ངོར་དེ་ལྟ་བུའི་རང་བཞིན་ཅན་དུ་སྣང་ནུས་པར་སྨོན་ལམ་འདེབས་དགོས་པ་རེད།
དཔེར་ན་མགོན་པོ་འོད་དཔག་མེད་སྔོན་ཆད་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱི་སྐུ་སྐྱེ་བཞེས་པའི་སྐབས་སུ་ཁོང་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་ན་བདེ་བ་ཅན་གྱི་ཞིང་ཁམས་གྲུབ་དགོས་ཞེས་སྨོན་ལམ་བཏབ་ནི་རེད། དེ་ལྟ་བུའི་རང་ངོར་སྣོད་བཅུད་ཐམས་ཅད་དག་པ་རབས་འབྱམས་སུ་སྣང་ནུས་པར་བྱེད་པ་ལ་ཚོགས་གཉིས་བསགས་ཏེ་བསྔོ་བ་ཡིས་བརྒྱན་ནས་སྨོན་ལམ་འདེབས་དགོས་པ་རེད། ད་དེ་ལ་ཡང་རང་སྟོབས་ཀྱིས་ཞིང་སྦྱངས་པ་དང་གཞན་སྟོབས་ཀྱིས་ཞིང་སྦྱངས་པ་གཉིས་ཡོད་པའི་ནང་ནས་རང་སྟོབས་ཀྱིས་ཞིང་སྦྱང་བ་ཟེར་རྒྱུ་དེ་ཅུང་དཀའ་བ་རེད། དཔེར་ན་རང་གི་ཕ་རྒན་གྱིས་ཁང་བ་ཞིག་ལས་ཡོད་ན་རང་དེའི་ནང་དུ་ཡར་འདུག་དགོས་ན་སླ་མོ་ཞིག་ཡིན་ན་ཡང་། རང་གིས་གསར་དུ་ཁང་ཞིག་ལས་དགོས་ན་ཅུང་དཀའ་མོ་འདྲ་ཞིག་ཡིན་པ་རེད། ད་དེ་དང་འདྲ་བ་ཞིག་ཏུ་རང་སྟོབས་ཞིང་སྦྱང་དགོས་ན་ཅུང་དཀའ་ནའང་མགོན་པོ་འོད་དཔག་མེད་ཀྱིས་བདེ་བ་ཅན་མངོན་པར་གྲུབ་ཡོད་རྒྱུ་དེ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབས་ནས་སྨོན་ལམ་བཏབ་པ་ཡིན་ན་གཞན་སྟོབས་ལ་བརྟེན་ནས་ཞིང་སྦྱང་བ་རེད། དེ་ལྟ་བུ་མདོ་ཕར་ཕྱིན་ཐེག་པའི་སྐབས་ཀྱི་མྱུར་ལམ་ཁྱད་པར་ཅན་ཞིག་ཡིན་པ་རེད། ད་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་པའི་ཚུལ་དེ་ཕར་རྒྱས་པར་བཤད་ན་བཟང་སྤྱོད་དང་བདེ་སྨོན་གྱི་ནང་ན་གསུངས་པ་ལྟ་བུ་རེད། དེ་ལྟ་བུའི་སྨོན་ལམ་འདེབས་པ་ལ་ཞིང་སྦྱངས་པ་ཟེར་ནི་རེད།
༨. ཞིང་སྦྱང་སྤྱོད་ཡུལ་མཐུན་པར་གནས། །སྤྱོད་ཀུན་དོན་ཡོད་བྱང་ཆེན་ཐོབ། །ཅེས་གསུངས་ཡོད་པ་རེད། ད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྤྱོད་ཡུལ་མཐུན་པར་འཇུག་ནུས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད། ང་ཚོར་སྣང་ལུགས་མི་འདྲ་བ་རེད། འུ་ཅག་གི་ལས་ཀྱི་དབང་གིས་རང་རང་གི་ལུས་རྟེན་རེ་བླངས་བཞག་དུས་ལུས་རྟེན་དེའི་རྩ་རླུང་ལ་བརྟེན་ཏེ་སྣོད་བཅུད་ཀྱི་སྣང་བ་ཤར་ཡོང་བ་ཡིན་པས་འགའ་རེའི་སྣང་བ་སྐྱིད་ཀྱིན་ཡོད་པ་དང་འགའ་རེའི་སྣང་བ་སྡུག་གིན་ཡོད་པ་འདྲ་བ་དེ་ལྟ་བུའི་སྣང་བ་འདྲ་མི་འདྲ་མང་པོ་ཞིག་ཡོད་བཞག་པ་རེད། དེ་ཅི་ཞིག་གིས་མ་ཉན་ནི་རེད་ཟེར་ན། རང་རང་གི་ལས་རླུང་གི་ཁྱད་པར་གྱིས་སམ་རང་རང་གི་ལས་ཀྱི་ཁྱད་པར་གྱིས་ཡིན་པ་རེད། དེ་ལྟ་བུའི་ལས་ཀྱི་སྒྲིབ་པ་མ་དག་པ་ཐམས་ཅད་དག་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྤྱོད་ཡུལ་མཐུན་པར་འཇུག་ནུས་པར་གྱུར་ཅིགསངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་ཁམས་ལ་ཤར་ཡོད་ན་ངས་ཀྱང་དེ་ལྟ་བུ་ཤར་ནུས་པར་གྱུར་ཅིག་བསམས་ནས་སྨོན་ལམ་འདེབས་དགོས་པ་རེད། དེ་བརྒྱད་པ་རེད།
༩. དེ་ནས་སྤྱོད་ཀུན་དོན་ཡོད་ཅེས་གསུངས་ནས། རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཐམས་ཅད་དོན་དང་ལྡན་པ་སྟེ་བསྟན་པ་དང་སེམས་ཅན་གྱི་དོན་དང་ལྡན་པའམ་དོན་མེད་པ་མ་ཡིན་པ་དེ་ལྟ་བུ་ཁོ་ན་ཉིད་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད།
༡༠. དེ་ནས་མཐར་ཐུག་སྨོན་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་རང་གཞན་གྱིས་དགེ་བ་གང་བསྒྲུབས་ཐམས་ཅད་ཀྱི་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས་པ་རེད། དེ་བྱང་ཆུབ་སེམས་དཔའི་སྨོན་ལམ་བཅུ་པ་རེད།
ད་དེ་དག་ཐམས་ཅད་ཚུར་བསྡུས་ན། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྱིར་དུ་བསྔོ་རྒྱུ་འདིའི་ཁོངས་སུ་མ་འདུས་པ་ཡོད་ནི་མ་རེད། སངས་རྒྱས་ཀྱི་བསྟན་པ་དར་བའི་བཞེད་དོན་དེ་ཡང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྱིར་དུ་ཡིན་པས་ན་སྨོན་ལམ་ཐམས་ཅད་ཚུར་བསྡུས་ན། མདོར་ན་སེམས་ཅན་ཐམས་ཅད་གནས་སྐབས་སུ་བདེ་དགེ་ལེགས་ཚོགས་ཐམས་ཅད་འབད་མེད་དུ་འབྱུང་བའི་རྒྱུ་རུ་གྱུར་ཅིག མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག་བསམས་ནས་སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པའི་རྒྱུར་བསྔོ་བ་སྟེ་བྱང་ཆུབ་སེམས་ཀྱི་བསྔོ་བ་དང་གནད་གཅིག་རེད་ནས་ཡོད་པ་རེད། དགེ་བ་གང་བསྒྲུབས་ཐམས་ཅད་ཀྱི་མཇུག་ཏུ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན་དེ་བསྔོ་བ་ཡང་རེད་བསྡད་ཡོད་པ་རེད། འཕགས་པ་ཐོགས་མེད་ཀྱིས། "བརྟན་པ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ།།" ཞེས་གསུངས་པ་ལྟ་བུ་རེད། ད་དེ་ལྟ་བུའི་མཇུག་ཏུ་བསྔོ་བ་དམ་པའི་རྩིས་ཟིན་རྒྱུ་འདི་ཤིན་ཏུ་གལ་ཆེ་ཞིག་རེད། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་བསྒྲུབ་རྒྱུ་འདི་ཐེག་པ་ཆེན་པོའི་ཚོགས་རྫོགས་སྒྲིབ་པ་དག་པར་བྱེད་པའི་ཐབས་ལ་མཁས་པ་ཁྱད་པར་ཅན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ནི་རེད། དེ་ལྟ་བུའི་སྨོན་འདུན་དང་ལྡན་པའི་སྒོ་ནས།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།།
ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང་།།
སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི།།
སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།
འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་།།
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དེ།།
དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཕྱིར།།
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
ད་བསྔོ་བ་ལ་འཛིན་པ་ཞུགས་ཉན་ནི་མ་རེད། དེ་འདྲའི་བསྔོ་བ་དེ་ཡང་ཅུང་ཟད་དཀའ་བ་ཞིག་ཡིན་པ་རེད། བསྔོ་བ་མཚན་ཉིད་པ་ཇི་ལྟ་བ་ཞིག་གང་ཟག་མཆོག་དམན་ཐམས་ཅད་ཀྱིས་དཀའ་བ་ཞིག་ཡིན་ན་ཡང་། རྒྱལ་སྲས་འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་པོ་ལ་སོགས་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོས་ནི་ཡིན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དགེ་བ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོས་ནི་ཡིན་བསམས་ན་བསྔོ་བ་རྗེས་མཐུན་པ་ཟེར་རྒྱུ་དེ་རེད། དེ་ལྟ་བུའི་སྒོ་ནས་བསྔོ་བ་འདོན་དགོས་པ་རེད།
དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས།།
བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།།
བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།།
བཟང་པོ་སྤྱོད་ཕྱིར་ཐབ་ཏུ་བསྔོ་བར་བགྱི།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-དམ་པ་གསུམ་གྱི་ཟིན་བྲིས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།