རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 4 April 2021

ཨ་མ་ཆོས་ཀྱི་སྒྲོལ་མས་སྐྱོངས།

འབྲི་གུང་སྤྲོ་ཚེ།


ཟླ་བའི་མཛེས་པ་འཕྲོག་བྱེད་དཀར་གསལ་གྱི་བཞིན་རས།།
འདས་མ་ད་གསུམ་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་ལྡན།།
བྱང་སེམས་ཐུགས་ན་སྦྲུམ་པའི་དམ་ལྡན་གྱི་སྲུང་མ།།
ལས་ཅན་བུ་བཞིན་སྐྱོང་བའི་འབྲི་གུང་གི་ཨ་ཕྱི།།

དག་པ་མཁའ་སྤྱོད་ཞིང་ན་རྡོ་རྗེ་ཡི་ཕག་མོ།།
མི་མཇེད་འཛམ་གླིང་འདི་དུ་འབྲི་བསྟན་གྱི་སྲུང་མ།།
ནུས་ལྡན་རྣལ་འབྱོར་ཀུན་ལ་གསང་ཡུམ་གྱི་ལྷ་མོ།།
བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་ཀྱི་ཨ་ཕྱི།།

མཛེས་སྡུག་དཔལ་གྱི་སྒེག་པའི་ཡིད་འཕྲོག་གི་ལྷ་མོ།།
མཐུ་རྩལ་རྨད་ཏུ་བྱུང་བའི་བསྟན་དགྲ་ཡི་སྲོག་བདག།
དཀར་ཕྱོགས་སྟོབས་ཀྱི་འདེགས་པའི་ནུས་ལྡན་གྱི་གྱད་མ།།
འཕྲིན་ལས་གློག་ལྟར་མྱུར་བའི་འབྲི་གུང་གི་ཨ་ཕྱི།།

རྐྱེན་ངན་ཆག་སྒོ་ངན་པའི་འཁོར་ལོ་དེ་བསྒྱུར་ཅིང་།།
ནད་གདོན་བར་ཆད་རྩུབ་པོའི་རྐྱེན་ངན་ལས་སྐྱབས་ནས།།
རྨད་བྱུང་བྱང་ཆུབ་སེམས་ཀྱི་གུར་ཁང་གི་ནང་དུ།།
ཞི་བའི་བདེ་བ་སྟེར་བའི་འབྲི་གུང་གི་ཨ་ཕྱི།།

ལས་འབྲས་ཚུལ་བཞིན་སྲུང་བའི་དམ་ལྡན་གྱི་རྣལ་འབྱོར།།
འབྲལ་མེད་མ་པང་བུ་བཞིན་དུས་ཀུན་ཏུ་ཉར་བཞིན།།
ཅི་འདོད་དངོས་གྲུབ་འབད་མེད་ལྷུན་གྲུབ་ཏུ་སྩོལ་བའི།།
རྒྱས་པའི་དངོས་གྲུབ་གནང་བའི་འབྲི་གུང་གི་ཨ་ཕྱི།།

ཕྱི་ཡི་ལྷ་འདྲེ་མི་གསུམ་དབང་འོག་བསྡུས་ཤིང་།།
ནང་གི་རྩ་ཐིག་རླུང་གི་བར་ཆད་དེ་སེལ་ཅིང་།།
གསང་བ་བདེ་གསལ་མི་རྟོག་རྟོགས་པ་དེ་བྱིན་པའི།།
དབང་གི་དངོས་གྲུབ་གནང་བའི་འབྲི་གུང་གི་ཨ་ཕྱི།།

བསྟན་གནོད་འགྲོ་ཀུན་འཚེ་བའི་དམ་ཉམས་ཀྱི་དགྲ་བོའི།།
བླ་ཚེ་སྲོག་ལུས་དབང་གསུམ་སྐད་ཅིག་ལ་བསྡུས་ཏེ།།
ལས་ངན་འཁོར་བའི་འཆིང་ཐག་དུམ་བུ་རུ་བཏུབས་པའི།།
དྲག་པོའི་དངོས་གྲུབ་གནང་བའི་འབྲི་གུང་གི་ཨ་ཕྱི།།

བསྟེན་ན་ཡིད་དམ་ལྷ་བཞིན་དངོས་གྲུབ་དེ་གནང་བཞིན།།
གསོལ་ན་མཁའ་འགྲོ་ལྟར་དུ་འཕྲིན་ལས་དེ་སྒྲུབ་ཅིང་།།
བསྐུལ་ན་མངའ་འབངས་བྲན་ལྟར་ལས་དོན་དེ་སྒྲུབ་པའི།།
ཡིད་བཞིན་བསམ་པ་སྒྲུབ་པའི་འབྲི་གུང་གི་ཨ་ཕྱི།།

ཚེ་རབས་ལས་སྐལ་ཕོག་པའི་འབྲི་གུང་གི་ཨ་ཕྱི།།
ཚེ་འདིར་དམ་ཚིག་མཐུན་པའི་འབྲི་གུང་གི་ཨ་ཕྱི།།
མ་འོངས་བྱང་ཆུབ་སྒྲུབ་གྲོགས་འབྲི་གུང་གི་ཨ་ཕྱི།།
ཨ་མ་ཆོས་ཀྱི་སྒྲོལ་མས་དུས་ཀུན་དུ་སྐྱོངས་ཤིག།  

༢༠༢༡/༤/༤  སྤྲོ་ཚེས་སོ།།



_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།