རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 4 April 2021

དཔེ་དེབ་ཀློག་སྟངས་སྐོར་གྱི་ཉམས་མྱོང་ཐོར་རེ་བ།

བསྟན་འཛིན་ཆོས་འཕེལ། སྔ་འགྱུར་མཐོ་སློབ་ཆེན་མོ།


༡༽ སྔོན་དུ་འགྲོ་བ།
ཉིན་ཤས་སྔོན་དུ་ངའི་དཔེ་ཀློག་གི་བརྒྱུད་རིམ་སྐོར་ལ་སྐད་ཆ་ཁ་ཤས་བཤད་པ་དེར། དྲ་གྲོགས་ཤིག་གིས་དཔེ་དེབ་ཇི་ལྟར་ཀློག་སྟངས་སྐོར་ལ་ལབ་རོགས་ཟེར་ནས་མཆན་ཞིག་བྲིས་འདུག་པས། ཐེངས་འདིར་དེའི་སྐོར་ལ་སྐད་ཆ་ཐུང་ངུ་ཞིག་བཤད་རྒྱུ་ཡིན།

༢༽ དཔེ་དེབ་གདམས་སེས་མ་ནོར་བ་བྱོས།
   དཔེ་དེབ་འབྲི་མཁན་ཆ་ཚང་མཁས་པ་ཤ་སྟག་མིན་ཙང་། དཔེ་དེབ་ལ་ལེགས་ཉེས་ཅི་རིགས་པ་ཡོད། འོ་ན་དཔེ་དེབ་ཡག་སྡུག་ཇི་ལྟར་ལྟ་དགོས་ཤེ་ན། 

༡། དཔེ་དེབ་དེའི་རྩོམ་པ་པོ་སུ་ཡིན་ལ་ལྟོས།
   དཔེ་དེབ་ནི་རྩོམ་པ་པོས་བྲིས་པ་ཡིན་སྟབས། རྩོམ་པ་པོ་ལའང་གང་འཚམས་རག་ལས་པ་རེད། དེས་ན་དཔེ་དེབ་ཉོ་བའི་སྐབས་དཔེ་དེབ་དེའི་རྩོམ་པ་པོ་ལའང་དོ་སྣང་སྤྲད་ནས་ཉོ་དགོས། དཔེར་ན་གློག་བརྙན་གསར་པ་ཞིག་ཐོན་ལ་ཉེ་བ་ཡིན་ན། རྣམ་དཔྱོད་ཅན་ཞིག་གིས་གློག་བརྙན་དེའི་སྒྲུང་རྩོམ་མཁན་དང་། འཁྲབ་ཁྲིད་པ་ལ་ཞིབ་འཇུག་བྱས་ནས་གློག་བརྙན་དེ་ཡག་སྡུག་གང་འཚམས་ཐག་གཅོད་བྱེད་ཐུབ་པ་ལྟ་བུ་རེད། 

༢། དཔེ་དེབ་ཀྱི་གླེང་བརྗོད་དང་། དཀར་ཆག་ལ་ལྟོས། 
   ཡང་དཔེ་དེབ་ཁ་ཤས་ཀྱི་རྩོམ་པ་པོ་གྲགས་ཅན་ཡིན་ནའང་། རྩོམ་ཡིག་གི་བརྗོད་དོན་ལ་དེ་ཙམ་གྱིས་སྔར་མེད་པའི་བློ་བསྐྱེད་གསར་པ་ཞིག་མེད་པ་དེ་འདྲའང་འབྱུང་བ་ཡོད་དེ། དཔེར་ན་ནུབ་ཕྱོགས་ཀྱི་མགོ་སེར་ཚོའི་ཆེད་དུ་བློ་ལྡོག་རྣམ་བཞིའི་སྐོར་བྲིས་པའི་དཔེ་དེབ་དེ་ཚོའི་བརྗོད་དོན་ནི་ནམ་རྒྱུན་ང་ཚོས་གོ་བསྡད་པ་ཞིག་ཡིན་ཙང་། དེ་ཙམ་གྱིས་རིན་ཐང་མི་ཆེ་བས་དཔེ་དེབ་མ་ཉོས་སྔོན་དུ་དཀར་ཆག་ལ་ལྟ་བའང་གལ་ཆེན་ཞིག་རེད། 
   ཡང་དཔེ་དེབ་ཁ་ཤས་ཀྱི་རྩོམ་པ་པོ་ནི་ནམ་རྒྱུན་ཡོངས་གྲགས་མིན་པ་དང་། དཔེ་དེབ་དེའི་དཀར་ཆག་གཅིག་པུས་ཐག་མ་ཆོད་ན། དཔེ་དེབ་ཀྱི་གླེང་བརྗོད་དེ་རོབ་ཀློག་ཅིག་བྱས་ན་གང་འཚམས་ཐག་གཅོད་ཐུབ་པ་ལྟ་བུ་རེད། དེས་ན་དོན་ངོ་མའི་དཔེ་དེབ་ཉོ་མཁས་པོ་ཞིག་གིས་ཁོས་དང་པོ་རང་དཔེ་དེབ་དེའི་རྩོམ་པ་པོ་སུ་ཡིན་དང་། དེའི་རྗེས་སུ་དཀར་ཆག་དང་། གླེང་བརྗོད་སོགས་ལ་ལྟ་བ་རེད། ཁྱོད་ཀྱིས་ཀྱང་དེ་ལྟར་བྱས་ན་བཟང་། 

༣། དཔེ་དེབ་ཡག་པོའི་ཕན་ནུས། 
   འོ་ན་དཔེ་དེབ་ཡག་པོའི་ཕན་ནུས་ཇི་ལྟར་ཡོད་ཅེ་ན། དཔེར་ན་ཁྱོད་ཀྱིས་གླིང་སྒྲུང་དང་། མི་ལའི་མགུར་འབུམ་སོགས་བཀླགས་ན། དཔེ་དེབ་དེ་དག་གི་ནང་ནས་བཀའ་བསྟན་བཅོས་སུ་མ་གྲགས་པའི་དམངས་ཁྲོད་ཀྱི་ཐ་སྙད་མང་པོ་ཞིག་རག་འོང་བ་དང་། ཚིག་གི་ཉམས་འདོན་སྟངས། མིའི་སྣང་བརྙན་བཀོད་འབྲི་བྱེད་སྟངས་སོགས་བློ་བསྐྱེད་མང་པོ་ཞིག་ཐོབ་འོང་བ་རེད། དེ་བཞིན་ས་སྐྱའི་ལེགས་བཤད་ནང་གི་དཔེ་དང་དཔེ་ཅན་སྦྱོར་སྟངས་ཆེས་ངོ་མཚར་ཞིང་ཕུལ་དུ་བྱུང་བ་དེ་རྣམས་དང་།  
གཞན་ཡང་དཔལ་སྤྲུལ་རིན་པོ་ཆེའི་གཏམ་པདྨའི་ཚལ་གྱི་ཟློས་གར་ལ་སོགས་པ་དང་།  ཀློང་ཆེན་རབ་འབྱམས་ཀྱི་བློ་གསལ་རི་བོང་གི་རྟོགས་བརྗོད་ལ་སོགས་པ་དང་། མི་ཕམ་རིན་པོ་ཆེའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ཀློག་ཐུབ་ན། ནམ་རྒྱུན་གྱི་སྙན་དེབ་སྤྱིར་བཏང་བ་ལས་ཀྱང་ལྷག་པ་བློ་སྐྱེད་མང་པོ་ཞིག་ཐོབ་འོང་བ་རེད།  
   དེ་བཞིན་དུ་སྐྱེས་རབས་སོ་བཞི་པ་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་། བཞོན་ནུ་དྲུག་གི་རྟོགས་བརྗོད། ཞང་ཞུང་ཆོས་དབང་གྲགས་པའི་ར་མ་ཎའི་རྟོགས་བརྗོད། གཞོན་ནུ་ཟླ་མེད་ཀྱི་གཏམ་བརྒྱུད་ལ་སོགས་པ་སྔོན་གྱི་སྐྱེས་ཆེན་གོང་མ་རྣམས་ཀྱིས་མཛད་པའི་རྟོགས་བརྗོད་རིགས་དང་། སྙན་ངག་དེ་ཚོ་བཀླགས་ན་རིན་ཐང་ཆེན་པོ་ཡོད་ལ། བློ་སྐྱེད་ཀྱང་སྔར་བས་ཆེ་བ་ཐོབ་ཐུབ།
དེ་རྣམས་ནི་གཙོ་བོ་སྙན་ངག་གི་ངོས་ནས་བཤད་པ་ཡིན་པས། སྒྲུང་རྩོམ་དང་། དཔྱད་རྩོམ་སོགས་རྩོམ་ལུས་གཞན་ལའང་དེས་རིགས་བསྒྲེས་ནས་ཤེས་པ་བྱོས། 

༣༽ དཔེ་དེབ་ཀློག་སྟངས་ཐོག་མའི་གོམ་སྟབས།
   ཁྱོད་ཀྱིས་དེ་སྔོན་དཔེ་དེབ་མང་པོ་བཀླགས་མ་མྱོང་ཞིང་། རྩོམ་ཡིག་ཀྱང་མང་པོ་བྲིས་མེད་ན། ཐེངས་དང་པོར་དཔེ་དེབ་ཀློག་པའི་སྐབས་མཉམ་འཇོག་བྱེད་དགོས་ས་གཙོ་བོ་ཞིག་ནི་བརྡ་དང་ཐ་སྙད་དེ་ཚོ་རེད། དཔེར་ན། ཁྱོད་ཀྱིས་དཔེ་དེབ་ཀློག་སྐབས་བྱ་ཚིག་དང་ཐ་སྙད་འདི་ལྟ་བུ་མང་པོ་ཞིག་ལ་ཕྲད་འོང་སྟེ། ཐང་མར་བརྡལ་བ། གྲམ་ཐང་དུ། འཚེངས་པ། བྲེ་མོའི་གཏམ། ཞེས་པ་ལྟ་བུའི་དོན་མང་པོ་ཞིག་མགོ་མ་འཚོས་པའི་དཀའ་ངལ་འཕྲད་ཀྱི་རེད། འདིའི་སྐབས་ཡོད་ཚད་གཞན་ལ་སྐད་ཆ་འདྲི་དགོས་ན་ཁག་པོ་ཆགས་ཀྱི་རེད། དེ་དུས་ཁྱོད་ལ་ཐབས་ཤེས་གཅིག་རང་ཡོད་པ་ནི་༼བོད་རྒྱ་ཚིག་མཛོད་ཆེན་མོ་༽བསྔོག་རྒྱུ་དེ་རེད། མིང་དང་བྱ་ཚིག་གང་རུང་ཞིག་མ་ཤེས་ན་ཐད་ཀར་ཚིག་མཛོད་ལ་ལྟ་བའི་གོམས་གཤིས་དེ་ཆགས་ན། ནམ་ཞིག་ཁྱོད་དེ་དག་ཡོད་ཚད་ལ་བྱང་ཆུབ་ནས། རང་ཉིད་ཀྱིས་ཀྱང་ཚིག་དེ་རྣམས་བེད་སྤྱོད་བཏང་ནས་རྩོམ་ཡིག་འབྲི་ཐུབ་པ་རེད། ལྷག་པར་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུ་ལ་བསམ་བློ་བཏང་ན། དེའི་ནང་ཚིག་མཛོད་གཞན་ལས་ཀྱང་ལྷག་པ་མིང་དང་བྱ་ཚིག་ཧ་ཅང་གིས་མང་པོ་ཞིག་བསྡུས་ཡོད་པ་རེད། 
   དཔེ་དེབ་ཇི་ཙམ་མང་པོ་བཀླགས་ན། དེ་ཙམ་གྱིས་མིང་དང་བྱ་ཚིག་གསར་པ་མང་པོ་ཞིག་མིག་ལམ་དུ་མངོན་འོང་བས། དེ་ཙམ་གྱིས་བློ་སྐྱེད་ཆེ་བ་ཐོབ་འོང་། དེས་ན་ཆེས་ཐོག་མའི་དུས་སུ་དཔེ་དེབ་ཀློག་སྐབས། སྙན་ངག་ལྟ་བུ་ཞིག་ལ་མཚོན་ན་དེའི་བསྟན་དོན་ལས་ཀྱང་། སྙན་ངག་དེའི་ནང་བེད་སྤྱོད་བྱས་པའི་མིང་དང་བྱ་ཚིག་གི་དོན་རྣམས་གསལ་པོར་མགོ་འཚོས་དགོས་པ་དེ་གལ་ཆེ་བ་རེད། དང་པོ་རྗོད་བྱེད་ཧ་གོ་ན་བརྗོད་བྱ་རྗེས་ནས་ག་ལེར་ཤེས་འོང་བ་རེད། 

༤༽ གོམ་སྟབས་གཉིས་པར་དཔྱད་པ་བྱོས།
   དཔེར་ན་ཁྱོད་ཀྱིས་སྙན་ངག་དཔེ་དེབ་ཡག་པོ་གཅིག་ཐེངས་གཉིས་ཀློག་པའི་དབང་དུ་བཏང་ན། ཐེངས་དང་པོའི་དུས་སུ་གཙོ་བོ་མིང་དང་བྱ་ཚིག་སོགས་ལ་མཉམ་འཇོག་བྱས་ནས་བཀླགས་ན། ཐེངས་གཉིས་པའི་དུས་སུ་དཔེ་དེབ་དེའི་ནང་གི་སྙན་ངག་གང་ཡང་རུང་བ་གཅིག་ལྟ་བུ་ལ་བསམ་བློ་བཏང་ན། གཤམ་དུ་ཁོ་བོའི་སྙན་ངག་གཅིག་ལ་དཔེ་མཚོན་བྱས་ནས་བཤད་རྒྱུ་ཡིན། 

༼དེང་སང་གི་དཔེ་ཆ་བ།༽

དཔེ་དེབ་ཕྱི་ནང་བསློགས་པའི་སྲུབས་ཀ་ན།།
ཡིག་ནོར་འཚང་ཀ་རྒྱག་པའི་དོ་ར་འདིར།།
དགུན་གྱི་ལྷགས་རླུང་འགམས་པའི་ཁ་བོ་དེ།།
སང་གི་རྨི་ལམ་སྙོལ་བའི་ཐན་ལྟས་ཤིག།།

གོས་ཀྱི་ཁ་དོག་འཐུ་བའི་ཀྱོག་མཚམས་ན།།
རང་ཉིད་མེ་རུ་བསྒྲོན་པའི་ངལ་དུབ་དེ།།
ཁོང་གི་མཆི་མ་འཁྲུག་པའི་ལྷན་ཐབས་སུ།།
ངོ་གདོང་རྡུལ་དུ་འཐག་པའི་ཟློས་གར་ཞིག།།

མིག་ཟུང་མཐོངས་ལ་ཅེར་བའི་བྲག་ཆ་དེ།།
དུས་ཀྱི་མགོ་བོ་དུད་པའི་སྦྲིད་སྨན་རང་།།
སྟོང་བཤད་ཨུ་ཚུགས་རྒྱག་པའི་ཐམ་ག་ཡང་།།
མུན་པ་མདངས་ལ་འཕྱ་བའི་ཧབ་ཆ་རེད།།
༢༠༢༠ གནས་ག་ཤེད་ཅིག་ནས་བྲིས།

༡༽ སྙན་ངག་དེའི་བསྟན་དོན་ངོ་མ་གང་ཞིག་ཡིན་ནམ། 
༢༽ སྙན་ངག་དེ་ཡུལ་དུས་གནས་བབ་ག་འདྲ་ཞིག་གི་འོག་ཏུ་བྲིས་པ་ཡིན་ནམ།
༣༽ སྙན་ངག་དེ་ཁ་གསལ་རེད་དམ། གབ་སྦེད་རང་བཞིན་རེད་འདུག།
༤༽ སྙན་ངག་དེ་བཀླགས་པ་ལས་ཚོར་སྣང་ག་འདྲ་ཞིག་བྱུང་ངམ། 
༥༽ སྙན་ངག་དེའི་ཚིག་གི་ཉམས་འདོན་སྟངས་ལ་ཐབས་ཤེས་ག་འདྲ་བྱས་འདུག
༦༽ སྙན་ངག་དེ་ལ་ལོ་རྒྱུས་རང་བཞིན་ལྡན་འདུག་གམ།
༧༽ སྙན་ངག་དེ་ལས་སྤྱི་ཚོགས་ཤིག་གི་སྣང་བརྙན་མཚོན་ཐུབ་ཀྱི་འདུག་གམ།

   སྙན་ངག་ལ་ཅུང་མྱོང་རོལ་བྱེད་ཐུབ་མཁན་ཞིག་གི་ངོས་ནས་བཤད་ན། སྙན་ངག་ཀློག་སྐབས་དེ་ལྟ་བུ་བསམ་བློ་བཏང་ནས་ཀློག་དགོས་པ་རེད། གོོང་གི་དོན་ཚན་བདུན་ཙམ་བཀོད་པ་དེ་ནི་སྤྱིར་བཏང་ནས་སྙན་ངག་ལ་མྱོང་རོལ་བྱེད་ཐབས་རོབ་ཙམ་ཞིག་ཡིན་པ་ལས། དེ་ལས་ཟབ་ཙམ་ཞིག་ནས་བཤད་ན། དེང་རབས་སྙན་ངག་དེ་ཚོར་ཡིད་བརྙན་དང་། བསྡུས་བརྗོད་ཟེར་བ་ལྟ་བུ་ཕྱོགས་མང་པོ་ཞིག་ནས་གླེང་རྒྱུ་ཡོད་པ་རེད། 
   དེ་བཞིན་དུ་སྒྲུང་རྩོམ་ལའང་དངོས་ཡོད་རིང་ལུགས། དངོས་ཡོད་དགག་སྒྲུབ་རིང་ལུགས། རྟོག་པ་རང་ཡན་པའི་རིང་ལུགས། དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཟེར་ནས་གྲུབ་མཐའ་སོ་སོའི་ལུགས་སུ་འབྲི་ཐབས་མང་པོ་ཡོད། ད་ལན་དེ་ཙམ་གྱིས་འཐུས་པར་བྱས་ན་འགྲིག་ས་རེད། 

༥༽ མཇུག་ཏུ་བཤད་རྒྱུ།
   དུས་ཚོད་ཀྱིས་རྐྱེན་པས་ད་ལན་རྩོམ་ཐུང་འདི་འབྲི་རྒྱུ་ཅུང་འཕྱི་དྲགས་པ་འདྲ། གང་ལྟར་ཡང་མ་བྲིས་པ་ལས་ཅུང་ཞིག་བྲིས་ན་ཕན་ཐོགས་མི་ཡོང་ངམ་སྙམ་ནས་བྲིས་པ་ཡིན། ཡང་དྲ་གྲོགས་གཞན་ཞིག་ལ་དྲི་ལན་བཞི་ཙམ་ཞིག་འབུལ་དགོས་ཡོད་པས། གང་མགྱོགས་ཞུ་ཆོག བཀའ་དྲིན་ཆེ། བསྟན་ཆོས་ནས། སྤྱི་ལོ་ ༢༠༢༡ ཟླ་བ་ ༤ ཚེས་ ༤ ཉིན་རྩོམ་སྒྲིག་ལྷན་ཁང་དུ་སྦྱར།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།