དང་པོ། དཔེ་ཀློག
དཔེ་ཀློག་ནི་བྱིས་པའི་ལས་ཀྱི་སྡིག་སྒྲིབ་ཞི་ཞིང་། མི་གཞི་ལ་བཙོ་སྦྱང་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན། ཡ་ཧུ་དཱ་པས་ལོ་རེར་ཆ་སྙོམས་ཀྱིས་དེབ་ ༦༤ ཡན་ལ་ལྟ་ཞིང་། འཛམ་གླིང་དུ་ཆ་སྙོམས་ཀྱིས་མི་རེས་དཔེ་དེབ་ཉར་ཚགས་བྱས་ཚད་དང་། བཀླགས་ཚད་ཆེས་མཐོ་བའི་མི་རིགས་ཡིན། ཡ་ཧུ་དཱ་པའི་མི་འབོར་གྱིས་མང་ཤོས་ཟིན་པའི་ཨི་ཟི་རེལ་ཡང་། འཛམ་གླིང་དུ་རྒྱལ་དམངས་ཆ་སྙོམས་ཀྱིས་དཔེ་དེབ་ཉར་ཚགས་བྱས་ཚད་དང་། བཀླགས་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཡིན།
གཉིས་པ། ངག་སྐྱོར།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། དཔེ་དེབ་བཀླགས་ཐེངས་ ༡༠༡ ནི་ཐེངས་ ༡༠༠ ལས་བཟང་ཞེས་ཟེར། ཁོ་ཚོས་གསུང་རབ་བློར་འདོན་བྱེད་པར་གཙིགས་སུ་འཛིན་ལ། དར་མའི་དུས་ལ་མ་སླེབས་པའི་བྱིས་པ་ལོ་ན་ ༡༣ མན་བྱིངས་ཀྱིས། མི་རིགས་ཀྱི་གསུང་རབ་བསྟན་བཅོས་ཡོད་དོ་ཅོག་ངག་ནས་ཆད་མེད་དུ་སྐྱོར་ཐུབ། དེའི་དབང་གིས་ཡ་ཧུ་དཱ་པར་"སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་མི་རིགས་"ཞེས་བསྔགས།
གསུམ་པ། བསམ་གཞིག
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། དཔེ་དེབ་མང་དུ་འཁུར་བའི་བོང་བུ་མི་བྱེད་ཅེས་ཟེར། ཁོ་ཚོས་རང་གི་བུ་ཕྲུག་གིས་སློབ་སྦྱོང་བྱེད་སྐབས། དཔེ་ཆའི་ངོས་རྐྱང་པ་ལས་བརྒལ་མ་ཐུབ་པར། དེབ་ཀྱི་རྗེས་སུ་ལོང་རྒྱུག་བྱེད་པ་ལ་འཛེམ། ཡ་ཧུ་དཱ་པའི་ཁྱིམ་ཚང་དུ་ཕ་མས་ཉིན་རེར་བུ་ཕྲུག་ལ་དྲི་བ་འདོན་པའམ། ཡང་ན་བུ་ཕྲུག་གིས་ཚུར་ལ་དྲི་བ་འདོན་པའི་འགྲོ་ལུགས་ཤིག་ཡོད། འདི་ལྟར་བྱས་པས་ཕྲུ་གུའི་རང་ཚུགས་ཀྱི་བསམ་གཞིག་གི་ནུས་པ་སྦྱོང་བར་ཕན།
བཞི་པ། རང་ཚུགས།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། ཕ་རོལ་གཞན་ལ་མི་བརྟེན་པར། ཡོད་ཚད་རང་ཉིད་ལ་ནི་རེ། ཞེས་ཟེར། ཁོ་ཚོའི་ཁྲིམས་ཀྱི་གཞུང་དུ། "ཕྲུ་གུ་ལོ་ ༥ ལ་བུད་ན་ཁྱོད་ཀྱི་གཅེས་ཕྲུག་ཡིན་ལ། ལོ་ ༡༠ ལ་བུད་ན་ཁྱོད་ཀྱི་བྲན་འཁོལ་ཡིན་ཞིང་། ལོ་ ༡༥ ལ་སོན་ན་ཕ་བུ་འདྲ་མཉམ་ཡིན་པས་ཕྲུ་གུ་ཟེར་བ་མེད།" ཅེས་གསུངས་ཡོད།
ལྔ་པ། སྲི་ཞུ།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། "ཕ་མར་སྲི་ཞུ་ཞུས་པ་ཡིས། རང་གི་བསོད་ནམས་བསགས་པ་དང་། ཚེ་ལོ་མཐའ་རུ་ཕྱིན་པའོ་"ཟེར། ཡ་ཧུ་དཱ་པའི་མི་རིགས་ཀྱིས་ཕ་མའི་སྲི་ཞུ་དང་བཀུར་བསྟི་གཙིགས་སུ་འཛིན་ལ། རྒན་ལ་གུས་བཀུར་བྱེད་པའང་བཟང་སྤྱོད་དུ་བལྟ། གནའ་དེང་གི་རྒྱལ་ཁབ་ཕྱི་ནང་གང་ཡིན་ཡང་སྲི་ཞུ་ནི། མིའི་ལྷན་སྐྱེས་ཀྱི་བཟང་སྤྱོད་དུ་བགྲང་གིན་ཡོད།
དྲུག་པ། འདོད་ཧམ་མི་འཆང་བ།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། "ང་ཚོའི་ལག་པ་ནི་གཙང་མ་ཡིན་པ་གང་ཞིག་ལ། རྒྱུ་ནོར་ལེན་ཉེས་བྱུང་བས་མི་གཙང་བར་གྱུར་པ་རེད་"ཟེར། ཡ་ཧུ་དཱ་པའི་བྱིས་པ་ལ་ཆུང་དུས་ནས་གཞན་གྱི་དངོས་པོ་ལ་འདོད་ཧམ་འཆང་མི་རུང་བའི་སློབ་གསོ་གཏོང་། ཡ་ཧུ་དཱ་པའི་གསུང་རབ་«ཊལ་མུ་ཌི་»ལས། མི་ཚུལ་ལྡན་དང་གཞུང་དྲང་ཡིན་མིན་ནི། དེས་རྒྱུ་ནོར་ལ་བཟུང་བའི་ལྟ་སྟངས་ལས་མཐོང་ཐུབ། ཅེས་གསུངས་ཡོད། རྒྱུ་ནོར་གྱི་གནད་དོན་ཐད་ཡིད་རྟོན་རུང་བའི་མི་ནི། ད་གཟོད་མི་ཚུལ་ལྡན་དང་གཞུང་དྲང་དུ་བལྟས་ཆོག
བདུན་པ། བརྩི་བཀུར།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ་རུ། "ཕྱི་ཚུལ་ལ་བལྟས་ནས་གང་ཟག་གི་ཚོད་འཛིན་མི་རུང་ཞིང་། གནས་བབ་རང་ལས་གཞན་པའི་མི་ལ་མཐོང་ཆུང་བྱེད་མི་རིགས་ལ། ཁོ་ཚོར་དམའ་འབེབས་གཏན་ནས་བྱ་མི་རུང་"ཟེར། ཡ་ཧུ་དཱ་པས་བལྟས་ན་ཕྱུག་པོ་དང་དབུལ་པོ་གཉིས་ལ་སྐབས་འགར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་ཀྱང་། ཁོ་ཚོས་ཕྱུག་པོ་ནི་བདེ་སྐྱིད་དང་ལྡན་པར་མ་ངེས་ལ། དབུལ་པོ་ཡང་རེ་ཐག་ཆད་ཡོད་པའི་ངེས་པ་མེད་པར་འདོད། དབུལ་པོར་མཐོང་ཆུང་དང་ཕྱུག་པོར་ངོ་དགའ་བྱེད་མི་རུང་ལ། ཕྱི་ཚུལ་ལ་བལྟས་ནས་གང་ཟག་གི་ཚོད་འཛིན་མི་རུང་ཞིང་། སུ་ལའང་མཐོང་ཆུང་བྱེད་མི་རིགས་པ་མ་ཟད། དབུལ་པོར་བརྩི་བཀུར་དང་སྦྱིན་པ་གཏོང་བ་ནི་རང་གི་འོས་འགན་དུ་བརྩི་དགོས། འདི་ནི་ཡ་ཧུ་དཱ་པས་མཛའ་གཅུགས་མཐུན་ལམ་ཡོང་བའི་འཇིག་རྟེན་ལ་འཇུག་པའི་ཤེས་རབ་ཀྱི་ཡ་གྱལ་ཡིན།
བརྒྱད་པ། དུས་ཚོད་དམ་འཛིན།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོར། དུས་ཚོད་ནི་མི་ཚེ་ཡིན་པར་བརྗོད། ཡ་ཧུ་དཱ་པའི་དུས་ཚོད་ཀྱི་འདུ་ཤེས་ཧ་ཅང་དྲག་ལ། ལས་ཀ་སྒྲུབ་དུས་ནམ་ཡང་སྙིང་པོ་མེད་པའི་ཁ་བརྡ་མི་བྱེད་ཅིང་། གཞན་གྱིས་བར་ཆད་བྱེད་དུ་མི་འཇུག་ལ། མི་གཞན་གྱིས་ལས་ཀའི་ཐད་དུ་འབྲེལ་བ་བྱས་ཀྱང་། ངེས་ཅན་དུ་སྔོན་ལ་དུས་ཆད་བྱེད་དགོས།
དགུ་པ། སྤྲོ་སྣང་།
ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོར། འོད་གསལ་གྱི་ངང་ནས་མགོ་བརྩམས་ཏེ་མུན་ནག་དང་བཅས་མཇུག་བསྡུ་བ་ལས། མུན་ནག་དང་བཅས་མགོ་བརྩམས་ཏེ་འོད་གསལ་གྱི་ངང་ནས་མཇུག་བསྡུས་ན་བློ་བདེ་བོ་རེད་ཟེར། ཡ་ཧུ་དཱ་པས་བྱིས་པར་སྤྲོ་སྣང་གི་སྙིང་སྟོབས་གསོ་སྐྱོང་བྱེད་པར་རྩིས་མཐོང་ཧ་ཅང་ཆེན་པོ་བྱེད། ཡ་ཧུ་དཱ་པའི་ཁྲིམས་ཀྱི་གཞུང་འདི་ལྟ་བུའི་གནད་དོན་ཞིག་ལ་དཔྱད་གླེང་གནང་ཡོད་དེ། "འཇིག་རྟེན་བྱེད་པོས་ཉིན་གཅིག་ནི། ཉི་ནུབ་ནས་མགོ་བརྩམས་པར་གཏན་ལ་འབེབས་དོན་ཅི་ཡིན་ནམ་"ཞེས་པར། ཡ་ཧུ་དཱ་པས་ཡུལ་དང་དུས་འགྱུར་ན་ཐམས་ཅད་ལེགས་པོར་ཡོང་ངེས་པར་འདོད། ཁོ་ཚོའི་སྟེང་ལ་ཆག་སྒོ་ག་འདྲ་ཞིག་བྱུང་ཡང་། འབད་བརྩོན་ལྷོད་མེད་བྱས་ཏེ་ནམ་ཡང་རེ་བ་དང་ཡིད་ཆེས་དོར་མ་མྱོང་།
བཅུ་པ། གསོག་འཇོག
ཡིད་ལ་ཤར་བ་ཙམ་གྱིས་རྒྱ་མཚོ་ཞིག་བསྐྱིལ་བར་འདོད་མི་རིགས་པར། ངེས་ཅན་དུ་ཆུ་ཕྲན་ནས་མགོ་རྩོམ་དགོས། ཡ་ཧུ་དཱ་པས་བྱིས་པར་སློབ་གསོ་བྱེད་དུས་རྒྱུན་པར་ཚོང་གཉེར་མཚན་གཞིར་འཛིན་ཏེ། ཚོང་གཉེར་བྱེད་པར་ཉིན་གཅིག་ནང་རྒྱལ་ཁ་ཐོབ་པ་མ་ཡིན་ལ། ཕྱུག་པོ་ཆེན་པོའང་གོམ་པ་གང་རེ་གང་རེས་མེད་པ་ནས་ཡོད་པ་དང་། ཆུང་ངུ་ནས་ཆེན་པོར་འགྱུར་དགོས། དོན་ཕྲན་ཚེགས་སྣང་མེད་དུ་འཇོག་མི་རིགས་ལ། བེད་སྤྱོད་བྱ་རུང་བའི་ཆ་རྐྱེན་ཐམས་ཅད་བེད་སྤྱོད་བྱེད་དགོས། ཞེས་སོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོའི་མན་ངག་བཅུ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།