ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་གྱིས་བརྩམས་པའི་«ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་དགོངས་བཞེད་»ཅེས་པའི་ལན་དུ་བྲིས་པ།
![]() |
| བླ་རུང་མཁན་པོ་མུ་ར་ཀུན་བཟང་། |
གཟུངས་སྤོབས་བློ་ཡི་འོད་སྣང་བཀྱེ་བའི་གཉེན།།
ལེགས་བཤད་དབྱངས་ཀྱི་འོད་སྟོང་དེང་འདིར་སྤྲོས།།
དམར་སེར་མཁས་མང་འདུས་པའི་མདུན་ས་རུ།།
ཆོས་མཐུན་ཆོས་ཀྱི་བགྲོ་བ་གླེང་བའི་གྲོགས།།
ལུང་རིགས་གཏམ་གྱི་མཆོད་པས་དེང་བསྐུལ་ན།།
གཟུར་གནས་མཁྱེན་དཔྱོད་རྩེན་པའི་གར་གྱིས་ཕེབས།།
མ་བརྟགས་བྱུང་རྒྱལ་སྨྲ་བའི་འཆལ་གཏམ་དང་།།
རྒྱུས་མེད་ཁ་ཕོ་སྒྲོག་པའི་ཅ་ཅོ་དག།
བློ་ཆུང་བླུན་པོའི་ཚོགས་ལ་ཅི་ཆ་ཡང་།།
བློ་ལྡན་མཁས་པས་གཟིགས་ན་སྐྱོན་དུ་ཆེ།།
སྔོན་བྱོན་དམ་པའི་ལེགས་བཤད་བདུད་རྩིའི་རྒྱུན།།
ཐུབ་བསྟན་དབྱར་མཚོ་རྒྱས་པའི་བཅུད་དུ་ཆེ།།
དེ་དག་འཁྱོག་བཤད་འདམ་གྱིས་སྦགས་གྱུར་ན།།
དག་བྱེད་ནོར་བུའི་ཕུང་པོ་ཅིས་ཀྱང་མཁོ།།
འདིར་ནི་ཕྱོགས་ཞེན་གདོན་གྱིས་མ་བསླད་ལ།།
མ་བརྟགས་བྱུང་རྒྱལ་སྨྲ་བས་ཀྱང་མིན་པར།།
ལེགས་གསུང་དོན་བཞིན་ལེགས་པར་སྨྲས་པའི་གཏམ།།
གཟུར་གནས་བློ་ལྡན་དགྱེས་པའི་སྐྱེས་སུ་འབུལ།།
ཉིན་འགའི་སྔོན་དུ་དགེ་བཤེས་དངོས་གྲུབ་དཔལ་གྱིས་བྲིས་པའི། ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་དགོངས་བཞེད། ཅེས་པའི་རྩོམ་ཐུང་ཞིག་སྤེལ་བཞིན་པ་མཐོང་། དེ་རིང་ཁོམ་སྐབས་དང་བསྟུན་རོབ་ཙམ་བལྟས་པས་ཞིབ་ཀློག་ཅིག་བྱེད་འདོད་སྐྱེས། ཚར་གཅིག་བཀླགས་པས་ལན་ཞིག་ཀྱང་འབྲི་འདོད་བྱུང་། རྒྱུ་མཚན་དགེ་བཤེས་ཁོང་ནི་གུས་པས་ཀྱང་ཞལ་འཚོ་བར་མ་ཟད། ངེད་གཉིས་ཐེངས་འགར་ལུང་རིགས་ཀྱི་བགྲོ་གླེང་སོགས་ཀྱང་གང་འཚམས་རེ་བྱེད་མྱོང་ཞིང་། དཀའ་གནད་འགའ་རེའི་ཐོག་ལྟ་ཚུལ་ཡང་གཞི་ནས་མི་མཐུན་པར་སོང་བ་དང་། དེ་སྔོན་ངེད་གཉིས་ཀྱིས་ཅུང་ཟད་གླེང་མྱོང་བའི་དོགས་གནས་འགའ་ཞིག་ལས་བརྩམས་ཏེ་ཐེངས་འདིར་ཡང་གྲོགས་པོ་ཁོང་གིས་རྒྱུས་མེད་ཀྱི་རྒྱུས་གཏམ་ཅུང་ཚད་ལས་བརྒལ་བ་ཞིག་སྨྲས་འདུག་པས་སོ།།
སྤྱིར་དགོས་མེད་ཀྱི་རྩོད་ཉོག་དག་ལ་སྙིང་པོ་གཏན་ནས་མེད་པར་ཤེས་མོད། སྐབས་འདིར་ཁོང་གིས་རྒྱལ་དབང་ཀློང་ཆེན་པ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱི་ཡིག་ཆའི་འཛིན་མཚམས་དང་། ལྟ་གྲུབ་ཀྱི་གནད་ཟབ་མོ་དག་ལ་རྒྱུས་མངའ་གཏན་ནས་མེད་པར། ལུང་ཚིག་འགའ་རེ་དུམ་ཆོད་བྱས་ཏེ་མང་པོ་ཞིག་སྨྲས་འདུག་པ་ལ། གསལ་འདེབས་ཙམ་དུ་ལན་ཅུང་ཟད་ཞུས་ན། ཐོས་བསམ་པ་འགའ་རེར་ཕན་རེའང་ཐོགས་སྲིད་སྙམ་པའི་ཀུན་སློང་དང་། ལྟ་གྲུབ་རིགས་པས་འཚོལ་འདོད་པ་ལས། ཆགས་སྡང་གི་དྲི་མ་གཞར་ཡང་མེད་པ་ནི་རང་སེམས་དཔང་པོར་ཡོད་པ་འདི་ཀ་ལགས་པས། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་འབྱུང་བའི་ཡིད་ཆེས་དང་བཅས་ལན་མདོར་བསྡུས་ཤིག་ཞུ་བར་བྱའོ།།
དང་པོ་མིང་འདོགས་ཚུལ་ལ་དཔྱད་པ།
ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཟེར་བའི་ཐ་སྙད་དེ་ནི། དེ་སྔོན་སུ་ལའང་མ་གྲགས་པའི་ཐ་སྙད་དམིགས་བསལ་བ་ཞིག་སྟེ། ཀློང་ཞེས་པ་རྒྱལ་དབང་ཀློང་ཆེན་པ་ལ་གོ་དགོས་སོ་ཞེ་ན། དེ་ལྟར་ཡིན་ཡང་། འཇུ་ཞེས་པ་ཀུན་མཁྱེན་མི་ཕམ་པའི་མཚན་ཡིན་སྙམ་པ་ནི་ཐ་སྙད་ལ་འཁྲུལ་བའི་སྐྱོན་དུ་ཟད་དེ། དེ་ནི་ཁོང་གི་རུས་མིང་ཡིན་པ་ལས་རྗེ་གང་གི་མཚན་མ་ཡིན་པ་དང་། རུས་མིང་དེ་ཁོང་གི་མཚན་ལ་དམིགས་བསལ་དུ་མ་གྲགས་པའི་ཕྱིར་རོ།།
ཚིག་སྡུད་བྱས་པ་ཡིན་པས་སྐྱོན་མེད་དོ་སྙམ་ན། འོ་ན་ཇོ་ཞེས་པ་ཇོ་ནང་དངོས་གྲུབ་དཔལ་གྱི་མིང་བསྡུས་པ་ཡིན་ནོ། ཞེས་བརྗོད་ན་ཁྱེད་ལ་ལན་ཅི་ཡོད། དེ་ལྟར་འདོད་ན་དགེ་ཨ་བཟང་དང་ཁྱེད་གཉིས་ཀྱི་མཚན་བསྡུས་ཏེ། ཨ་ཇོ་གཉིས་ཀྱི་དགོངས་བཞེད་ཟེར་ན་གོ་བརྡ་འཕྲོད་དགོས་ནའང་། དེ་ནི་གཞན་པ་ལྟ་ཅི། ཁྱེད་གཉིས་ཀྱི་དགེ་ཕྲུག་དག་གིས་ཀྱང་གོ་སྲིད་དམ། དེས་ན་རུས་མིང་དང་། ས་ཕྱོགས་ཀྱི་མིང་། ཆོས་བརྒྱུད་ཀྱི་མིང་སོགས་ནི་གང་ཟག་བྱེ་བྲག་པ་རེ་ལ་གྲགས་ཤིང་གྲུབ་པ་ཡིན་ན་དེར་ཟད། གཞན་དུ་དེ་ལྟར་རང་གར་སྨྲས་ན་ཐ་སྙད་ཐམས་ཅད་འཆོལ་བར་འགྱུར་བས། མིང་འདོགས་ཚུལ་ཙམ་ཡིན་ཡང་གལ་ཆུང་དུ་མཛད་མི་རིགས་པས། རྗེས་སུ་ཚིག་སྡུད་བྱེད་སྟངས་དང་ཐ་སྙད་འདོགས་ཚུལ་དག་ལའང་ཐུགས་ཉམས་རེ་འཇོག་པར་འཚལ།
ལྟ་གྲུབ་དངོས་ལ་དཔྱད་པ།
ལྟ་གྲུབ་དངོས་ལ་དཔྱད་པའི་སྐབས་སུ། ས་བཅད་གསུམ་དུ་བགོས་ནས་སྨྲ་བར་འདོད་དེ། གཅིག འཇམ་མགོན་མི་ཕམ་པའི་ལྟ་གྲུབ་ཀྱི་རྣམ་གཞག་སྤྱིར་བསྟན་པ། གཉིས། དགེ་བཤེས་ཁོང་གི་ལྟ་ཚུལ་དག་ལ་སོ་སོར་དཔྱད་པ། གསུམ། ཁོང་གིས་དྲངས་པའི་ལུང་དག་གི་དོན་མདོར་བསྡུས་ཏེ་བསྟན་པའོ།།
དང་པོ་ལྟ་གྲུབ་ཀྱི་རྣམ་གཞག་སྤྱིར་བསྟན་པ།
སྤྱིར་འཇམ་མགོན་མི་ཕམ་པས་དབུ་མའི་ལྟ་གྲུབ་དག་འཆད་སྐབས། དོན་དམ་པར་ཁས་ལེན་ཡོད་མེད་ཀྱི་དཔྱད་ར་མེད་པ་དང་། ཀུན་རྫོབ་ཏུ་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ཁས་ལེན་གང་ཡང་མེད་པ་དང་། ཀུན་རྫོབ་ཏུ་ཐ་སྙད་ཚད་མ་ལ་ལྟོས་ན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སོགས་ཁས་ལེན་པས་ཁས་ལེན་ཡོད་པ་སྟེ། ལྟ་བའི་འཛིན་མཚམས་མི་འདྲ་བ་གསུམ་གྱི་སྟེང་ནས་འགྲོ་དགོས་པ་འདི་ཤིན་ཏུ་གལ་ཆེ་ཚུལ་ཡིད་བཞིན་མཛོད་འགྲེལ་སོགས་ལ་བརྟེན་ནས་གསལ་པོར་གསུངས་ཡོད། དེ་དག་ཡིད་བཞིན་མཛོད་འགྲེལ་ལས་ཇི་ལྟར་བསྟན་སྙམ་ན། དེ་ཉིད་ལས། ཁས་ལེན་མི་ལེན་ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་ཀྱི། དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན་རེ་ཞིག་ཀུན་རྫོབ་ཐ་སྙད་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་། མི་ལེན་པ་གཉིས་སུ་གོ་བར་བྱའོ།། ཞེས་པས་བསྟན། གནད་འདི་ནི་ཅིས་ཀྱང་རྟོགས་དགོས་ལ། དེ་ལྟར་རྟོགས་ན་རྗེ་གང་གི་གསུང་ལ་སྔ་རྩོམ་དང་ཕྱི་རྩོམ་གཉིས་སུ་ཕྱེས་ཏེ། གཅིག་ཡང་དག་དང་། ཅིག་ཤོས་སྐྱོན་ཅན་དུ་བལྟས་ཏེ་འདོར་ལེན་བྱེད་པའི་ངལ་བ་གང་ཡང་གནང་མི་དགོས་སོ།།
དེས་ན་སྤྱིར་དེ་ལྟར་སྐབས་ཤན་སོ་སོར་ཕྱེ་དགོས་ཤིང་། དེ་ལྟར་ཕྱེས་པའི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ཁས་ལེན་ཀུན་བྲལ་ཡིན་པས། སྐབས་དེར་ཐ་སྙད་ཚད་གྲུབ་དང་། གཏན་ཚིགས་རང་རྒྱུད། མཐུན་སྣང་གི་དངོས་པོ་སོགས་གང་ཡང་ཁས་མི་ལེན་ལ། ཐ་སྙད་ཚད་མས་རྙེད་དོན་ལྟར་ཐ་སྙད་ཀྱི་རྣམ་གཞག་བཤད་པའི་སྐབས་སུ་ནི། གཞི་ལམ་འབྲས་གསུམ་དང་། ཚེ་སྔ་ཕྱི། ལས་རྒྱུ་འབྲས་སོགས་ཀྱང་ཁས་ལེན་པར་མ་ཟད། དེ་དག་འཐད་པའི་ཚུལ་རིགས་ལམ་ནས་རྒྱ་ཆེར་བསྒྲུབ་སྟེ་སྨྲ་བར་བྱེད་དོ།།
ཚུལ་འདི་ནི་འཇམ་མགོན་བླ་མ་ཉིད་ཀྱིས་དབུ་མ་རྒྱན་འགྲེལ་ལས་འདི་ལྟར་བསྟན་ཏེ། དེ་ཡང་འདིར་སུ་ཞིག་གིས་ཆོས་འདི་དག་རང་གི་མཚན་ཉིད་ཀྱིས་གྲུབ་བམ་ཞེའམ། དེའི་ངོ་བོ་ཚད་མས་གྲུབ་པ་སོགས་གང་ཡིན་ཀྱང་རུང་སྟེ། འཇལ་བྱེད་ཀྱི་ཚད་མ་ཤན་ཕྱེད་པ་གལ་ཆེ་སྟེ། དོན་དམ་པའི་ཚད་མའི་ངོས་ནས་གཞལ་བ་ཡིན་ན་ནི། སྣང་བའི་མདུན་ན་མུན་པ་ལྟར་དེའི་ངོར་ནམ་ཡང་མི་འགྲུབ་པས་ན་ཅུང་ཟད་ཀྱང་གྲུབ་པ་གཞག་ཏུ་མེད་ལ། ཐ་སྙད་པའི་ཚད་མའི་ངོས་ནས་གཞལ་བ་ཡིན་ན་ནི། དེའི་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པས་དེས་ཐ་སྙད་ཀྱི་སྣང་ཚུལ་དང་མཐུན་པར་ཇི་ཙམ་དཔྱད་ཀྱང་། ཚད་མའི་གཞུང་ནས་སྐྱེ་བ་སྔ་ཕྱི་སོགས་ཡོད་པར་སྒྲུབ་པའི་དཔྱད་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དོན་དམ་དཔྱོད་བྱེད་དུ་མི་འགྲོའོ། །ཞེས་གསུངས་སོ།།
དེ་ལྟ་བུའི་སྐབས་ཤན་སོ་སོར་ཕྱེས་ཏེ་སྨྲ་བའི་གནད་ཟབ་མོ་འདི་ཉིད་རྟོགས་ན། ལས་འབྲས་སོགས་ཀུན་རྫོབ་སྣང་བའི་དངོས་པོ་རྣམས་སྐབས་ནམ་ཞིག་ན་ཁས་ལེན་པ་དང་མི་ལེན་པའི་ཁྱད་པར་ཇི་བཞིན་དུ་རྟོགས་ནུས་ཏེ། ཁས་མི་ལེན་པར་བཤད་པ་ནི་ལྟ་བ་གཏན་ལ་འབེབས་པའི་སྐབས་ཡིན་ལ། དེའི་སྐབས་སུ་འགའ་ཞིག་གི་ལུགས་ལྟར་བདེན་པ་གཉིས་སོ་སོར་ཡང་ཕྱེ་མི་དགོས་པར་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེས་ན་སྐབས་དེར་ནི་དབུ་མ་འཇུག་པ་ལས།
རིགས་དེ་ཐ་སྙད་དུ་ཡང་རིགས་མིན་ན།།
ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར།།
ཞེས་སོགས་གསུངས་པ་ལྟར་སྣང་བ་འདི་དག་ཐ་སྙད་དུ་ཡང་མ་གྲུབ་པའི་དོན་ལ་ངེས་པ་སྐྱེད་དགོས་ཀྱི། དེ་དུས་ད་དུང་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་དོ་སྙམ་དུ་ཞེན་ན། སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་རྟོགས་མི་ནུས་སོ།།
ཡང་ཁས་ལེན་ཡོད་པར་བཤད་པ་ནི། རྗེས་ཐོབ་ཤན་འབྱེད་པའི་སྐབས་ཡིན་པས། སྐབས་དེར་ཐ་སྙད་ཚད་མས་རྙེད་དོན་ལྟར་འཁོར་འདས་ཀྱི་སྣང་བ་མཐའ་དག་མ་འདྲེས་པར་འཇོག་དགོས་པ་ཡིན་ལ། དེ་ལྟར་ཁས་ཀྱང་ལེན་པར་བྱེད་མོད། དེ་ཡང་འགའ་ཞིག་གིས་ལྟ་བ་གཏན་ལ་འབེབས་པའི་སྐབས་སུའང་ཐ་སྙད་ཚད་གྲུབ་དང་། ཀུན་རྫོབ་ཀྱི་དངོས་པོ་འདི་དག་ཡོད་པར་ཁས་ལེན་པ་དག་དང་གཞི་ནས་མི་འདྲ་སྟེ། འདི་ནི་རྗེས་ཐོབ་ཤན་འབྱེད་པའི་སྐབས་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་དང་། དབུ་མ་རྒྱན་ལས། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། ། ཞེས་པའི་དོན་ལ་ལེགས་པར་སོམས་དང་། ཀུན་རྫོབ་ཀྱི་སྣང་བ་འདི་དག་སྐབས་ནམ་ཞིག་ན་ཚད་མ་གང་ལ་ལྟོས་ནས་འཇོག་པའི་ཚུལ་སོགས་བདེ་བླག་ཏུ་རྟོགས་ནུས་ཏེ། ཀུན་རྫོབ་ཅེས་པ་དང་། ཁོ་ནའི་ཞེས་པའི་ཚིག་གི་ནུས་པས་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་གང་ཡང་ཁས་ལེན་དུ་མེད་པར་བསྟན་པས་སོ།། གནད་དེ་ནི་ངེས་སྒྲོན་ལས།
དོན་དམ་གནས་ལུགས་གཞལ་བའི་ཚེ། །
གཤིས་ལ་ཅིར་ཡང་མ་གྲུབ་ལྟར། །
ཁས་ཀྱང་ཅི་ཞིག་ལེན་པར་བྱེད། །
དེ་ཕྱིར་གྲུབ་མཐའ་གནས་ལུགས་ཀྱི། །
ཁས་ལེན་ཡིན་ཕྱིར་རྩོད་སོགས་ཚེ། །
ཤིས་བཞིན་ཁས་ལེན་ཅི་ཡང་མེད། །
རྗེས་ཐོབ་ལམ་འབྲས་གྲུབ་པའི་མཐའ། །
ཇི་ལྟ་ཇི་སྙེད་རྣམ་བཞག་རྣམས། །
མ་འདྲེས་སོ་སོར་ཁས་ལེན་འདོད། །
ཕྱིན་ཆད་ཚུལ་འདི་སྨྲ་ཤེས་ན། །
ཁོ་བོའི་ལེགས་བཤད་མཐུ་ཡིན་གསུངས། །
ཅེས་སོགས་ཀྱིས་གསལ་པོར་བསྟན་པས། ཁོ་བོ་ཅག་གིས་ནི་ཤིན་ཏུ་ཟབ་པའི་གནས་ལུགས་དག་སྟོན་པའི་རྗེ་གང་གི་སྔ་རྩོམ་དག་ཀྱང་ངེས་དོན་མཐར་ཐུག་ཏུ་ཁས་ལེན་པར་བྱེད་དོ།།
དེ་ནི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དག་གི་དགོངས་བཞེད་བཞིན་རྒྱལ་དབང་ཀློང་ཆེན་པ་དང་འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱི་དབུ་མའི་ལྟ་གྲུབ་ཀྱི་གནད་མདོ་ཙམ་བསྟན་པ་ཡིན་ཞིང་། ཚུལ་འདི་ཙམ་གྱིས་ཀྱང་ཁྱེད་ཀྱིས་སྨྲས་པ་རྣམས་ཕྱིན་ཅི་ལོག་འབའ་ཞིག་ཡིན་པར་རྟོགས་སླ་མོད། ཞིབ་མོ་རྣམ་འཐགས་ཀྱིས་བཤད་ན་འཛིན་མཚམས་དག་ཤིན་ཏུ་གསལ་བ་དང་། གང་གི་ཞེ་འདོད་དག་གཞུང་གིས་བསྟན་དོན་དང་མི་མཐུན་པ་ལྷག་པར་རྟོགས་ནུས་པས། ད་ནི་རྩ་བའི་ས་བཅད་གཉིས་པ་གླེང་བར་བྱའོ།།
གཉིས་པ་ཁོང་གི་ལྟ་ཚུལ་དག་ལ་སོ་སོར་དཔྱད་པ།
ཁོང་གི་རྩོམ་ཐུང་འདིའི་ནང་དུ་ལྟ་ཚུལ་མི་འདྲ་བ་ལྔ་ཙམ་སྨྲས་འདུག་ཀྱང་དེ་ཐམས་ཅད་འཇམ་མགོན་བླ་མའི་གཞུང་ལ་རྒྱུས་མངའ་གཏན་ནས་མེད་པའི་རྒྱུས་གཏམ་འབའ་ཞིག་ལས། གནད་དུ་ཁེལ་བའི་དོགས་པ་ནི་གཅིག་ཀྱང་མི་འདུག་མོད། འདིར་ཁོང་གི་ལྟ་ཚུལ་དག་ལ་ལན་ཅུང་ཟད་ཞུ་བར་བྱའོ།།
ལྟ་ཚུལ་དང་པོའི་ལན།
ཁོ་ན་རེ། མཐའ་གཅིག་ཏུ་ཀུན་རྫོབ་མེད་པར་མི་བཞེད་དེ་ཞེས་སོགས་ཟེར། འདི་ནི་ཁྱེད་ཀྱིས་དོགས་པ་གང་ཞིག་གཅོད་བྱེད་དུ་སྨྲས་པ་ཡིན། གོང་དུ་བཤད་པ་ལྟར་རྗེས་ཐོབ་ཤན་འབྱེད་པའི་སྐབས་སུ་མཐའ་གཅིག་ཏུ་ཀུན་རྫོབ་མེད་པར་མི་བཞེད་ཟེར་བ་ཡིན་ན་ནི། གྲུབ་ཟིན་སྒྲུབ་པ་འབའ་ཞིག་ཡིན་ཏེ། སྐབས་དེར་ཀུན་རྫོབ་ཡོད་པར་ལན་གཅིག་མ་ཡིན་པར་གསུངས་ཡོད་ཅིང་། ཁོང་གི་ཡིག་ཆ་འཛིན་པ་དག་གིས་ཀྱང་ཐ་སྙད་ཚད་མ་ལ་ལྟོས་ནས་སྣང་བ་ཀུན་རྫོབ་ཀྱི་རྣམ་གཞག་ཁས་ལེན་པར་མ་ཟད། ཀུན་རྫོབ་ཁས་ལེན་ཚུལ་ལའང་མདོ་སྡེ་པ་དང་མཐུན་པ། སེམས་ཙམ་པ་དང་མཐུན་པ། འཇིག་རྟེན་གྲགས་སྡེ་དང་མཐུན་པ་སོགས་ཀྱི་ཁྱད་པར་ཡོད་པ་དང་། དེ་དག་ལས་སེམས་ཙམ་པ་དང་མཐུན་པར་ཐ་སྙད་ཀུན་རྫོབ་ཀྱི་རྣམ་གཞག་བཤད་པ་དེ་ཉིད་ཐ་སྙད་ཀྱི་རྣམ་གཞག་མཐར་ཐུག་པ་ཡིན་ཚུལ་སོགས་ཀྱང་ཁས་ལེན་པས། སྐབས་དེར་ཡང་ཀུན་རྫོབ་ཀྱི་ཆོས་ཁས་མི་ལེན་པར་འདོད་པའི་རྒོལ་བ་རྟོག་ལྡན་སུ་ཡང་མེད་དོ། །ཚུལ་འདི་ནི་འཇམ་མགོན་མི་ཕམ་པས་ངེས་སྒྲོན་ལས།
རྟེན་འབྱུང་གྲུབ་མཐའི་རྣམ་བཞག་ཀུན། །
ཁས་བླངས་རང་ལུགས་ཡོད་བཞིན་དུ། །
ཐ་སྙད་ཐམས་ཅད་གཞན་ངོ་ལ། །
སྐྱེལ་བ་ཚིག་དོན་གཉིས་ཀར་འགལ། །
ཞེས་གསུངས་པ་དང། དབུ་མ་རྒྱན་འགྲེལ་ལས་ཀྱང་། དེ་ལ་འདི་ལྟ་བུའི་ཐ་སྙད་འདོད་ཚུལ་ཡང་དོན་དམ་པར་སྣང་བ་སེམས་སུ་གྲུབ་མ་གྲུབ་དཔྱད་པ་མ་ཡིན་ལ། བསླུ་མེད་སྣང་ཙམ་གྱི་ཆོས་འདི་རྣམས་ལ་ཐ་སྙད་ཀྱི་ཚད་མས་གཞལ་བ་ཡིན་ཏེ། ཞེས་སོགས་ཐ་སྙད་ཚད་མ་ལ་ལྟོས་ན་ཀུན་རྫོབ་ཀྱི་སྣང་བ་ཁས་ལེན་ཚུལ་གསལ་པོར་གསུངས་འདུག་ན། དེ་ཁས་ལེན་མིན་ལ་དོགས་པ་སྐྱེ་དགོས་དོན་མི་འདུག་གོ །གལ་ཏེ་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་བདེན་གཉིས་སོ་སོར་ཕྱེས་ཏེ་ཀུན་རྫོབ་ཀྱི་སྣང་བ་ཁས་ལེན་པ་ཡིན་ནོ་སྙམ་ན་ནི། ཤིན་ཏུ་འཁྲུལ་ཏེ། སྐབས་དེར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས་བཤད་པས་སོ།།
དེ་ཡང་དབུ་མ་རྒྱན་འགྲེལ་ལས། གཙུབ་ཤིང་གཙུབ་སྟན་བསྲུབས་པ་ལས་མེ་བྱུང་ནས་དེ་གཉིས་ཉིད་ཀྱང་བསྲེགས་པ་ལྟར། བདེན་གཉིས་མཉམ་པར་སྦྱར་བའི་ཡེ་ཤེས་ཀྱི་མེས་བདེན་གཉིས་སོ་སོར་ཞེན་པའང་བསྲེགས་ནས་སྣང་སྟོང་རིས་སུ་མ་ཆད་པའི་དབྱིངས་དམིགས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་རབ་ཏུ་གནས་པ་སྟེ། ཞེས་སོགས་གསུངས་པ་ལྟར་རོ། །ཚུལ་འདི་ནི་དབུ་མ་འཇུག་པ་ལས།
དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །
བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །
རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །
ཁྱེད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །
ཞེས་པས་བསྟན་པ་ལྟར་རོ། །དེས་ན་བདེན་གཉིས་སོ་སོར་ཞེན་པ་བཀག་པའི་ཤུལ་ན་ཀུན་རྫོབ་སྣང་བའི་ཆོས་ཤིག་ཁས་ལེན་དུ་མེད་པ་དང་། ཀུན་རྫོབ་སྣང་བའི་ཆོས་ཁས་ལེན་ན་བདེན་གཉིས་སོ་སོར་ཞེན་པ་ཁེགས་མི་ནུས་པའི་ཚུལ་ཡང་རིགས་པ་སྨྲ་བ་ཞིག་ཡིན་ཕྱིན་རྟོགས་སླའོ། །དེ་ལྟར་དཔྱད་ན་ཁྱེད་ཀྱིས་ཀུན་རྫོབ་མཐའ་གཅིག་ཏུ་མེད་པར་ཁས་མི་ལེན་ཞེས་པ་འདི་ཚད་མ་གང་ལ་ལྟོས་ནས་གསུངས་པ་ཡིན་སླར་ཡང་ཐུགས་བསམ་བཞེས་རོགས།
ལྟ་ཚུལ་གཉིས་པའི་ལན།
ཡང་ཁོ་ན་རེ། གཟུགས་སོགས་བཀག་པ་མེད་དགག་ཡིན་པ་ལས་སྤྱིར་གཟུགས་སོགས་བཀག་པར་མ་གསུངས་ཟེར། འདི་ནི་དེ་ལས་ཀྱང་འབྲེལ་མེད་ཀྱི་ངག་ཅིག་མ་ཡིན་ནམ། ངེས་སྒྲོན་ལས།
སྟོང་ཚུལ་ཁོ་ནར་བསམས་ནས་ནི། །
དྲི་ན་མེད་དགག་ཉིད་ཡིན་ཏེ། །
ཞེས་གསུངས་པ་ལྟར། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་རིགས་པས་གཟུགས་སོགས་བདེན་གྲུབ་བཀག་ནས་བདེན་མེད་ཡོངས་གཅོད་དུ་བསྒྲུབ་པ་ལྟ་བུ་མ་ཡིན་པར། གཟུགས་སོགས་སྣང་བ་ཀུན་རྫོབ་ཀྱི་ཆོས་མཐའ་དག་བཀག་ནས་བཤད་པ་ཡིན་པས། ཆོས་ཅན་གྱི་སྣང་བ་གཞན་ལྟ་ཅི། བདེན་སྟོང་ཙམ་པོ་ཡང་ཁས་མི་ལེན་པའི་ཆ་ནས་མེད་དགག་ཡིན་པར་བསྟན་པའི་གནད་ལ་སོམས་དང་། གཟུགས་སོགས་བཀག་པ་མེད་དགག་ཏུ་བཤད་པས་གཟུགས་ཙམ་མི་འགོག་པ་ཇི་ལྟར་གོ །གཟུགས་སོགས་བཀག་པ་མེད་དགག་ཡིན་པར་གསུངས་པས་ནི། གཟུགས་སྣང་ཙམ་པོའང་འགོག་པར་ཤིན་ཏུ་གསལ་ཏེ། དགག་བྱ་བདེན་གྲུབ་བཀག་པའི་ཤུལ་ཏུ་གཟུགས་སྣང་ཙམ་པོའང་མི་འཕེན་པའི་དོན་ཡིན་པས་སོ། །ཁྱེད་ལྟར་ན། དགག་བྱ་གཟུགས་བདེན་གྲུབ་བཀག་པའི་ཤུལ་ཏུ་བདེན་མེད་ཀྱི་གཟུགས་ཙམ་པོ་འཕེན་ཏེ། གཟུགས་བཀག་པ་མེད་དགག་ཡིན་པའི་ཕྱིར། ཞེས་སྨྲ་དགོས་ན་དེ་ནི་འགལ་རྟགས་དངོས་མ་ཡིན་ནམ། དབུ་མ་ཤེས་རབ་ལ་འཇུག་པ་ལས་ཀྱང་།
དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག །
དངོས་ལ་དགག་སྒྲུབ་གང་ཡང་མེད། །
ཅེས་གསུངས་པ་ལྟར། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་སྣང་བ་འདི་དག་བཀག་ཤུལ་དུ་ཆོས་གང་ཡང་ཁས་མི་ལེན་པའི་ཆ་ནས་ལྟ་ཡུལ་ལ་མེད་དགག་ཅེས་བརྡ་སྦྱར་བ་ཙམ་ལས། ཆོས་ཉིད་རང་གི་ངོ་བོ་ནི་མེད་དགག་དང་། མ་ཡིན་དགག་གང་ཡང་མིན་པའི་གནད་ཟབ་མོ་དག་ཀྱང་མཁྱེན་པར་འཚལ་ལོ།།
མདོར་ན་གཟུགས་སོགས་བཀག་པ་མེད་དགག་ཏུ་གསུངས་པ་ནི། གཟུགས་སོགས་སྣང་ཙམ་པོ་འགོག་པའི་སྒྲུབ་བྱེད་དུ་འགྲོ་བ་ལས། དེ་དག་མི་འགོག་པའི་ཤེས་བྱེད་དུ་ག་ལ་འགྲོ་སྟེ། དབུ་མ་རྒྱན་འགྲེལ་ལས། དེ་ལ་དངོས་པོ་རང་བཞིན་མེད་པར་བསྟན་པ་ནི་མེད་པར་དགག་པ་སྟེ། མ་ཡིན་དགག་ནི་ཆོས་གཞན་གྱི་ངོ་བོ་སྒྲུབ་པས་དེ་འདྲ་བ་ལ་ཟུང་འཇུག་གི་དོན་མེད་ལ། སྣང་བ་རང་བཞིན་མེད་པར་དགག་པའང་། སྣང་བ་ལས་ལོགས་ན་སྟོང་རྒྱུ་ཡོད་པ་ལྟ་བུར་གོ་ན་མེད་དགག་ཟེར་ཡང་མ་ཡིན་དགག་ཏུ་སོང་བ་ཡིན་ལ། ཞེས་སོགས་གསུངས་པའི་ཕྱིར་རོ། ། གནད་འདི་དེ་ལས་ཀྱང་གསལ་ཞིག་ཟླ་བའི་ཞལ་ལུང་ལས་འདི་ལྟར་གསུངས་འདུག་སྟེ། དོན་དཔྱོད་ཀྱིས་དཔྱད་ཀྱང་བུམ་པ་བུམ་པས་མི་སྟོང་ན། བདེན་གྲུབ་ཀྱིས་སྟོང་དུ་ཆུག་ནའང་། དགག་བྱ་བདེན་གྲུབ་བཀག་པའི་ཤུལ་ན་བུམ་པ་དངོས་སུ་འཕེན་པའི་དེ་འདྲའི་སྟོང་ཉིད་མ་ཡིན་དགག་ཏུ་འགྱུར་ལ། ཞེས་གསུངས་པ་འདི་རྐྱང་པས་ཀྱང་གཟུར་གནས་བློ་ལྡན་དག་ལ་ངེས་པ་སྐྱེད་ནུས་པས་མང་དུ་བཤད་ག་ལ་དགོས།
ལྟ་ཚུལ་གསུམ་པའི་ལན།
ཡང་ཁོ་ན་རེ། ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ལ་སྐྱོན་ཡོད་པར་གསུངས་ཏེ། ཞེས་སོགས་ཟེར། ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ལ་སྐྱོན་ཡོད་པར་གསུངས་པ་དང་། ཐ་སྙད་ཀྱི་སྣང་བ་ཚད་མས་གྲུབ་པར་བཤད་པ་སོགས་ཀྱི་དགོངས་དོན་གང་ཡིན་ལེགས་པོར་དཔྱད་དགོས་པ་ལས། ཚིག་འདྲ་བ་ཙམ་གྱིས་ལྟ་གྲུབ་ཀྱི་འཛིན་མཚམས་འདྲ་བའི་ངེས་པ་མེད་ལ། བརྗོད་ཚུལ་མི་མཐུན་པ་ཙམ་གྱིས་ཕུགས་ཀྱི་དགོངས་བཞེད་མི་འདྲ་བའི་ངེས་པའང་གཏན་ནས་མེད། དེ་བས་ཚིག་ལ་མི་རྟོན་དོན་ལ་རྟོན་པའི་ངང་ཚུལ་ལ་གནས་ན་མི་ལེགས་སམ། སྤྱིར་ཐ་སྙད་ཚད་གྲུབ་ཅེས་པའི་མིང་ཙམ་འདྲ་ནའང་དོན་གཏན་ནས་མི་འདྲ་སྟེ། འདིར་ནི་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པའི་ཐ་སྙད་ཀུན་རྫོབ་ཀྱི་རྣམ་གཞག་དེ་ཉིད། དོན་དཔྱོད་ཀྱིས་དཔྱད་པ་ལ་གཏན་ནས་མ་ལྟོས་པར། ཐ་སྙད་ཚད་མ་ཁོ་ན་ལ་ལྟོས་ནས་གྲུབ་པ་ལ་ཐ་སྙད་ཚད་གྲུབ་ཅེས་བཞག་པ་སྟེ། བརྒལ་ལན་ཉིན་བྱེད་སྣང་བ་ལས། ཇི་ལྟར་ན་ཐ་སྙད་རྣམས་འཇོག་པའི་ཚེ་དོན་དམ་དཔྱོད་པ་ལ་ལྟོས་མི་དགོས་པར་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་སྒོ་ནས་འཇོག་པ་ཡིན་ལ། དེ་ལ་བརྟེན་ནས་དོན་དམ་གཟོད་རྟོགས་དགོས་ཏེ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་སོགས་གསུངས་པ་དང་། འཇུག་འགྲེལ་ལས་ཀྱང་། ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི། དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་ལས་སྐྱེ་བ་སོགས་མ་དཔྱད་པར་འཇིག་རྟེན་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་སོ།།
དེ་ལྟར་ཐ་སྙད་དུ་སྣང་བ་འདི་དག་ཐ་སྙད་ཚད་མས་གྲུབ་པར་བཤད་པས་ཁྱེད་ཀྱི་ཞེ་འདོད་ལ་ཅི་ཡང་མི་ཕན་ཏེ། ཁྱེད་ཀྱིས་ནི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུའང་ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་ཁས་ལེན་པའི་ཕྱིར་རོ། །དེ་དང་འདི་གཉིས་ནི་གཏན་ནས་མི་འདྲ་སྟེ། སྐབས་ཐ་དད་པ་ཡིན་པ་དང་། འཇོག་ཚུལ་སོ་སོ་བ་ཡིན་པ་དང་། འཇོག་བྱེད་སོ་སོ་བ་ཡིན་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། འདི་ནི་རྗེས་ཐོབ་ཤན་འབྱེད་པའི་སྐབས་ཡིན་པ་གང་ཞིག ཅིག་ཤོས་ལྟ་བ་གཏན་ལ་འབེབས་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། འདི་ནི་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་དོན་དཔྱོད་རིགས་པས་དཔྱད་པ་མི་བྱེད་པར་བཞག་པ་ཡིན་ལ། ཅིག་ཤོས་ནི་རིགས་ཤེས་ཀྱིས་དཔྱད་ཅིང་མི་འགོག་པར་འཇོག་པས་སོ། །གསུམ་པ་གྲུབ་སྟེ། འདི་ནི་ཐ་སྙད་ཚད་མ་འབའ་ཞིག་གིས་འཇོག་དགོས་ལ། ཅིག་ཤོས་ནི་ཚད་མ་གཉིས་ཀ་ལ་མ་ལྟོས་པར་འཇོག་མི་ནུས་པའི་ཕྱིར་རོ།།
གཞན་ཡང་དབུ་མ་རང་རྒྱུད་པ་དག་གིས་གནས་སྐབས་རྣམ་གྲངས་པའི་དོན་དམ་ཁས་ལེན་དང་བཅས་པའི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ། ཚད་མ་གཉིས་པོའི་རྙེད་དོན་སོ་སོར་ཕྱེས་ཏེ། ཐ་སྙད་ཀུན་རྫོབ་སྣང་བའི་དངོས་པོ་ཐ་སྙད་ཚད་མས་གྲུབ་ཅིང་། དེ་ལ་དོན་དཔྱོད་རིགས་པས་མི་གནོད་པ་དང་། དོན་དམ་བདེན་སྟོང་གི་ངོ་བོ་དོན་དཔྱོད་རིགས་པས་གྲུབ་ཅིང་། དེ་ལ་ཐ་སྙད་ཚད་མས་དགག་སྒྲུབ་གང་ཡང་མི་བྱེད་པའི་ཚུལ་བཤད་པས། གནས་སྐབས་དེར་ཡང་ཐ་སྙད་ཚད་གྲུབ་བཞེད་མོད། དེས་ཀྱང་ཁྱེད་ཀྱི་ཞེ་འདོད་ལ་གང་ཡང་མི་ཕན་ཏེ། ཁྱེད་ཀྱིས་ནི་ཐལ་འགྱུར་པའི་ལུགས་ལའང་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ། ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་ཁས་ལེན་པ་ཡིན་ལ། འདི་ནི་དབུ་མ་རང་རྒྱུད་པའི་གནས་སྐབས་ཙམ་དུ་ཐ་སྙད་ཚད་གྲུབ་ཁས་བླངས་པ་ཡིན་པས་སོ།།
ཐལ་འགྱུར་པ་ལྟ་ཅི་རང་རྒྱུད་པས་ཀྱང་མཐར་ཐུག་རྣམ་གྲངས་མ་ཡིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་བདེན་གཉིས་སོ་སོར་ཞེན་པའི་ཆ་དེའང་བཀག་ནས་ཁས་ལེན་ཀུན་བྲལ་གྱི་ལྟ་བ་ལ་གནས་པ་ཡིན་པས། ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་ཁས་མི་ལེན་ནོ། །གནད་འདི་ཡང་དབུ་མ་རྒྱན་གྱི་རྣམ་བཤད་ལས། དེས་ན་ཇི་སྲིད་ཆོས་གཅིག་གི་སྟེང་དུ་བདེན་པ་གཉིས་སོ་སོར་ཞེན་པ་ཡོད་ཀྱི་རིང་ལ་དེའི་ངོར་ཐ་སྙད་ཚད་གྲུབ་དང་། དེའི་བདེན་མེད་གཉིས་མི་བཟློག་པར་མགོ་མཉམ་ལ། བདེན་གཉིས་སོ་སོར་ཞེན་པའི་ཡུལ་རིགས་པས་སུན་ཕྱུང་ནས་འཛིན་པ་ཕྲ་མོ་དང་བྲལ་བ་ན། དེ་གཉིས་མགོ་མཉམ་དུ་ཁེགས་ཏེ་སྤྲོས་པ་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་གནས་སྐབས་བློ་ངོར་བདེན་པ་གཉིས་སུ་ཕྱེ་ཡང་། མཐར་ཐུག་དོན་ལ་གཉིས་སུ་མེད་པར་སྤྲོས་བྲལ་དུ་གྲུབ་པའི་གནད་ཀྱིས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། རྗེས་ཐོབ་ཤན་འབྱེད་པའི་ཤེས་རབ་ཀྱི་སྤྱོད་ཡུལ་གཏན་ལ་འབེབས་པའི་སྐབས་དང་། ཁས་ལེན་ཡོད་ཚུལ་དང་མེད་ཚུལ་སོགས་ཤན་ཕྱེད་པ་གལ་ཆེའོ། །ཞེས་སོགས་ཀྱིས་གསལ་པོར་བསྟན་ཏོ།།
ལྟ་ཚུལ་བཞི་པའི་ལན།
ཡང་ཁོ་ན་རེ། ཀུན་རྫོབ་དོན་དཔྱོད་རིགས་པའི་དགག་བྱ་མ་ཡིན་པ་ཡང་། ཞེས་སོགས་ཟེར། འདི་ནི་དེ་ལས་ཀྱང་སྔ་འགྱུར་བའི་ཡིག་ཆ་ལ་རྒྱུས་མངའ་མེད་པའི་གཏམ་དུ་ཟད་དེ། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་དོན་དཔྱོད་རིགས་ཤེས་ཀྱིས་ཀུན་རྫོབ་ཀྱི་སྣང་བ་འདི་དག་དགག་དགོས་པ་དང་། དེ་ཉིད་མ་བཀག་ན་དབུ་མའི་ལྟ་བ་མཐར་ཐུག་པ་ཞིག་གཏན་ནས་རྟོགས་མི་ནུས་པའི་ཚུལ་སྔོན་གྱི་མཁས་པ་དག་གིས་རིགས་པའི་གཙོ་བོ་རྣམ་པ་ལྔའི་སྒོ་ནས་ཞིབ་ཅིང་ཕྲ་བར་གསུངས་ཡོད་ལ། ཀུན་མཁྱེན་མི་ཕམ་པས་ཀྱང་།
བདག་སོགས་སྐྱེ་བ་འདི་ལ་སྔ་རབས་པའི། །
རྗེས་སུ་སྐྱེས་ཕྱིར་དེ་ལུགས་རྗེས་བརྗོད་ཙམ། །
ཞེས་སོགས་གསུངས་པ་ལྟར། ཐ་སྙད་ཀུན་རྫོབ་ཀྱི་སྣང་བ་འདི་དག་དོན་དཔྱོད་རིགས་པའི་དགག་བྱ་ཡིན་དགོས་ཚུལ་དང་། གལ་ཏེ་ཀུན་རྫོབ་ཀྱི་སྣང་བ་འདི་དག་མི་འགོག་པར། ཐ་སྙད་དུའང་གཏན་ནས་ཡོད་མ་མྱོང་བའི་བདེན་གྲུབ་ཅིག་ཡན་གར་དུ་བཀག་པ་ཙམ་གྱིས་སྟོང་ཉིད་མཐར་ཐུག་པ་རྟོགས་མི་ནུས་པའི་ཚུལ་སོགས་རྒྱ་ཆེར་བསྒྲུབས་ཡོད་པས་གནད་དེ་དག་ཤེས་པ་ཅི་བས་ཀྱང་གལ་ཆེའོ།།
ཟླ་བའི་ཞལ་ལུང་ལས། བུམ་པ་བུམ་པས་མི་སྟོང་། བདེན་གྲུབ་ཀྱིས་སྟོང་ཞེས་ཆོས་རང་རང་ངོ་བོ་ཉིད་ཀྱིས་སྟོང་ཞེས་གསུངས་པའི་མདོ་བསྟན་བཅོས་ཐམས་ཅད་ཀྱི་འཆད་ཚུལ་སྤངས་ནས། གཞན་སྟོང་ཁས་བླངས་པ་ལ། གོ་རྒྱུ་དང་ཤེས་རྒྱུ་དོན་ཅན་ཅིའང་མེད་དོ། །ཞེས་གསུངས་ཤིང་། ད་དུང་གཞུང་སྤྱིའི་དཀའ་གནད་སོགས་སུ་འདི་ལྟ་བུའི་ལུང་ཤིན་ཏུ་མང་མོད། ཡི་གེ་མང་བར་དོགས་ནས་མ་བྲིས། མདོར་ན་ཀུན་རྫོབ་ཀྱི་སྣང་བ་འདི་དག་མ་བཀག་པར། བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་འགོག་ཚུལ་གཏན་ནས་མེད་ལ། དེ་མ་བཀག་ན་བདེན་གཉིས་སོ་སོར་ཞེན་པའི་ཆ་དེའང་བཀག་པའི་སྒོ་ནས་ཐལ་རང་དགོངས་པ་དབྱེར་མེད་དུ་འགྲོ་ཚུལ་གཏན་ནས་མེད་པས། དེ་ལྟར་སྨྲས་ན་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གྲུབ་མཐའི་རྐང་འཇིག་པར་འགྱུར་བས། རྒྱུས་མེད་ཀྱི་རྒྱུས་གཏམ་ཚབ་པོ་ཆེ་དེ་འདྲ་ནམ་ཡང་མི་སྨྲ་བར་ཞུ།
སྤྱིར་དབུ་མའི་དགག་བྱ་དང་། དེ་འགོག་བྱེད་ཀྱི་རིགས་པ། ཇི་ལྟར་འགོག་པའི་ཚུལ། དེ་ལྟར་བཀག་པའི་ལྟ་བ་མཐའ་བྲལ་གྱི་ངོ་བོ། དེ་ཉིད་བསྒོམ་པས་ཉམས་སུ་ལེན་པའི་ཚུལ་དང་བཅས་པ་ཞིབ་པར་བཤད་ན། བོད་སྔ་ཕྱིའི་མཁས་གྲུབ་དག་གི་ལྟ་གྲུབ་ཀྱི་བཞེད་མཚམས་དག་ལེགས་པར་རྟོགས་པ་ལ་ཕན་པ་ཆེ་མོད། འདིར་དེ་དག་རེ་རེ་ནས་འབྲི་བས་ངལ་བ་མ་བྱས་ལ། རྒྱས་པར་ཤེས་འདོད་ན། ཁོ་བོས་བྱས་པའི་ཚིག་གསལ་ཐལ་བཟློག་གི་འགྲེལ་ཆེན་དུ་རྒྱས་པར་བཤད་ཡོད་པས། ཐུགས་མོས་ཡོད་ན་དེར་གཟིགས་པར་ཞུ།
ལྟ་ཚུལ་ལྔ་པའི་ལན།
ཡང་ཁོ་ན་རེ། འཇུ་མི་ཕམ་གྱི་གཞུང་ལ་སྔ་རྩོམ་ཕྱི་རྩོམ་གཉིས་ལས་ཕྱི་རྩོམ་དབང་བཙན་དགོས་པ་དང་། བར་བ་ཙམ་གྱི་དགོངས་འགྲེལ་ལས་འཁོར་ལོ་ཐ་མ་སྔགས་དང་བཅས་པའི་དགོངས་འགྲེལ་གྱི་བཞེད་དོན་ནི་མཐར་ཐུག་གི་དགོངས་པ་ཡིན་ངེས་སོ། །ཞེས་ཟེར། ཐུགས་བསམ་དཀར་བའི་གསུང་ཡིན་ངེས་པས་བཀའ་དྲིན་ཞུ་འོས་མོད། གནད་མ་རྟོགས་པར་ཕོ་ཚོད་ཀྱིས་ཁ་ཚོན་གཅོད་པ་འདི་ལྟ་བུ་མཁས་པའི་དབུས་སུ་ཤིན་ཏུ་མི་མཛེས་པས་བག་ཡོད་མཛད་པར་ཞུ།
སྤྱིར་རྗེ་ཁོང་གི་སྔ་རྩོམ་ཟེར་ན་ངེས་རིན་པོ་ཆེའི་སྒྲོན་མེ་སོགས་ལ་གོ་ལོས་དགོས་ཏེ། དགུང་གྲངས་བདུན་གྱི་སྟེང་ནས་མཛད་པ་ཡིན་པའི་ཕྱིར་རོ། །གཞུང་འདི་ལས་བསྟན་པའི་མདོ་སྔགས་ཀྱི་ཟབ་གནད་མཐའ་དག་སྒྲ་ཇི་བཞིན་དུ་ཁས་བླངས་ཏེ་ངེས་དོན་མཐར་ཐུག་པ་ཉིད་དུ་བཤད་པ་མ་གཏོགས། དགོས་པ་དགོངས་གཞི་སོགས་བཙལ་ཏེ་ཚིག་གི་ཟུར་ཙམ་ཡང་གཞན་དུ་འགྲེལ་མཁན་ཞིག་རྗེ་གང་གི་བུ་སློབ་བརྒྱུད་པ་དང་བཅས་པའི་ནང་དུ་མེད་ལ། སྔ་འགྱུར་བའི་རང་ལུགས་གཙང་མར་འཛིན་པ་དག་གི་ཁྲོད་ན་ངེས་སྒྲོན་ལས་བསྟན་པའི་མདོ་སྔགས་ཀྱི་ཟབ་གནད་དག་སྒྲ་ཇི་བཞིན་དུ་ཁས་མི་ལེན་མཁན་ཡང་གཅིག་ཀྱང་མེད་ན་ཁྱེད་ལ་དེ་འདྲའི་དགོངས་ཚུལ་ཞིག་ཇི་ལྟར་སྐྱེས་པ་ཡིན། དེས་ན་ཁོ་བོ་ཅག་གིས་ནི། རྗེ་གང་གི་སྐུ་ཚེའི་སྟོད་སྨད་དུ་བརྩམས་པའི་གཞུང་དག་ལ་བཟང་ངན་དང་འདོར་ལེན་གང་ཡང་བྱེད་མི་དགོས་པར། མདོ་སྔགས་ཀྱི་ཟབ་གནད་བསྟན་པའི་གཞུང་སྔ་ཕྱི་མཐའ་དག་གི་དགོངས་དོན་སྒྲ་ཇི་བཞིན་དུ་སྨྲ་ནུས་པས་ཐུགས་དོགས་མི་མཛད་པར་ཞུ།
འཁོར་ལོ་བར་བའི་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དགོངས་འགྲེལ་དག་གལ་ཆེ་ཚུལ་གསུངས་པ་འདི་ཡང་། ཁྱེད་རང་ཉིད་འཁོར་ལོ་བར་བའི་བསྟན་དོན་བདེན་སྟོང་མེད་དགག་ཙམ་ཡིན་པར་ཞེན་ཆེ་བ་དང་། འཁོར་ལོ་བར་ཐ་གཉིས་ལས་གཅིག་ངེས་དོན་དུ་བྱས་ན། ཅིག་ཤོས་དྲང་དོན་དུ་བྱེད་དགོས་པར་འཛིན་པའི་བློ་ལ་གོམས་ཆེས་པའི་དབང་གིས་ཡིན་གྱི། ཁོ་བོ་ཅག་གི་ལུགས་ལ་ནི་དེ་ལྟར་མ་ཡིན་པར། འཁོར་ལོ་བར་ཐ་གཉིས་ཀ་ངེས་དོན་གྱི་མདོ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་རིགས་ཚོགས་དང་། བསྟོད་ཚོགས་དག་དགོངས་པ་འགལ་མེད་དུ་ཁས་ལེན་པ་ཡིན་པས། བཀའ་བར་བའི་དགོངས་འགྲེལ་གྱི་བསྟན་བཅོས་དག་ལས་གནས་ལུགས་མཐར་ཐུག་པ་མ་བསྟན་པར་མི་འདོད་དེ། དེར་བསྟན་པའི་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་ལས་ལྷག་པའི་གནས་ལུགས་ཤིག་གང་ནའང་སྟོན་དུ་མེད་པའི་ཕྱིར་ཏེ། དེ་ཉིད་གནས་ལུགས་མཐར་ཐུག་ཡིན་པ་གང་ཞིག གནས་ལུགས་ལ་གཅིག་མ་གཏོགས་མེད་པའི་ཕྱིར། དེ་ལྟ་བུའི་གནས་ལུགས་སྟོང་པ་ཆེན་པོ་དེ་དང་། བཀའ་ཐ་མར་བསྟན་པའི་བདེ་བར་གཤེགས་པའི་སྙིང་པོ་གཉིས་དབྱིངས་ཀྱི་ངོ་བོ་སྟོང་པ་དང་། རང་བཞིན་གསལ་བའི་ཆ་ནས་རྩལ་འདོན་མཛད་ཚུལ་ཙམ་ལས་དོན་ལ་དབྱེར་མེད་པ་ཡིན་པར་རྟོགས་ན། ཁྱེད་ཀྱི་དོགས་པ་མཐའ་དག་རང་གྲོལ་དུ་འགྲོ་བར་མ་ཟད། འཁོར་ལོ་བར་ཐ་གཉིས་ཀ་ངེས་དོན་གྱི་མདོ་ཡིན་པ་དང་། ཀླུ་ཐོགས་གཉིས་ཀྱང་དགོངས་པ་འགལ་མེད་དུ་རྟོགས་པ་སོགས་ཀྱི་དགོས་པ་ཡོད་དོ། ། ཚུལ་འདི་ནི་གཤེགས་སྙིང་སྟོང་ཐུན་ལས། དེས་ན་འཁོར་ལོ་བར་བར་བསྟན་པའི་སྟོང་པ་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། འཁོར་ལོ་བར་བ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་བསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བཞེད་པ་འདི་ཁོ་ན་ལྟར་གཟུང་བར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ནས་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས་རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་བས་སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། ཞེས་སོགས་ལུང་ཤིན་ཏུ་མང་མོད་རེ་ཞིག་མ་སྤྲོས། མདོ་སྔགས་གཉིས་ཀྱི་དགོངས་པ་ལ་མཐར་ཐུག་ཡིན་མིན་གྱི་ཁྱད་ཕྱེས་པ་འདི་ཡང་ཤིན་ཏུ་མཚར་ཆེ་སྟེ། འོད་གསལ་སྙིང་པོ་ལས། དེས་ན་དབུ་མའི་ལམ་གྱི་སྤྲོས་བྲལ་མཐར་ཕྱིན་པས་ཆོས་ཀུན་མཉམ་པ་ཉིད་དུ་མཐོང་བ་ནི་སྐབས་འདིའི་མཉམ་པ་ཆེན་པོ་རྟོགས་པའོ། །ཞེས་སོགས་གསུངས་པ་ལྟར་མདོ་ལས་བསྟན་པའི་འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་དེ་དང་། སྔགས་ལས་བསྟན་པའི་སྣང་སྲིད་མཉམ་པའི་དཀྱིལ་འཁོར་གཉིས་གཅིག་ཏུ་བསྟན་པ་དང་། ལྟ་གྲུབ་ཀྱི་དོགས་སེལ་ལས། སྐྱེ་འགགས་སོགས་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་དབུ་མའི་ལྟ་བ་སོགས་བཤད་ལ། རྟོགས་བྱ་དངོས་པོའི་གནས་ལུགས་སྤྲོས་བྲལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་མདོ་སྔགས་གཉིས་ཁྱད་པར་མེད་ཅིང་། ཞེས་སོགས་གསུངས་པ་ལྟར། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ངོས་འཛིན་ཚུལ་གྱི་ཆ་ནས་མདོ་སྔགས་གཉིས་ལ་ཁྱད་པར་གང་ཡང་མེད་དོ།།
མདོར་ན་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གཞུང་ལ་སྔ་རྩོམ་དང་ཕྱི་རྩོམ་གཉིས་སུ་ཕྱེས་ཏེ། འདོར་ལེན་བྱེད་དགོས་པ་དང་། འཁོར་ལོ་བར་ཐའི་དགོངས་འགྲེལ་གྱི་གཞུང་རྣམས་དགོངས་པ་སོ་སོར་འཛིན་པ་དང་། མདོ་སྔགས་གཉིས་ཀྱི་ལྟ་བའི་ཟབ་གནད་ལ་ཁྱད་པར་ཕྱེ་བ་སོགས་ནི། ཁོང་གི་མདོ་སྔགས་ཀྱི་གཞུང་སྤྱི་དང་། ཁྱད་པར་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་། སྤྱི་དོན་འོད་གསལ་སྙིང་པོ། དབུ་མ་རྒྱན་གྱི་རྣམ་བཤད། གཤེགས་སྙིང་སྟོང་ཐུན་སོགས་ལ་རྒྱུས་མངའ་གཏན་ནས་མེད་པའི་རང་མཚང་ཕྱི་ལ་མངོན་པ་ཙམ་ལས་ཅི་ཡང་མི་འདུག་པས། རྗེས་ཕྱོགས་འདི་རིགས་ལ་ཅིས་ཀྱང་ཐུགས་གཟབ་གནང་བར་འཚལ།
གསུམ་པ་ལུང་དག་གི་དགོངས་དོན་གནད་བསྡུས་ཏེ་བསྟན་པ་ནི།
གོང་དུ་བཤད་པ་ལྟར་ལྟ་བ་གཏན་ལ་འབེབས་པའི་སྐབས་དང་། རྗེས་ཐོབ་ཤན་འབྱེད་པའི་སྐབས་གཉིས་སོ་སོར་ཕྱེས་ཏེ་སྨྲ་བའི་ཚུལ་འདི་རྟོགས་ན། ཐ་སྙད་ཀུན་རྫོབ་ཀྱི་སྣང་བ་ཁས་བླངས་པ་དང་། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཤད་པ་དང་། ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་བཤད་པ། སྣང་བའི་ངང་ཚུལ་མི་འགོག་པར་བཤད་པ་སོགས། ཀུན་རྫོབ་ཀྱི་རྣམ་གཞག་བཤད་པ་ཐམས་ཅད་རྗེས་ཐོབ་ཤན་འབྱེད་པའི་སྐབས་ཡིན་པར་རྟོགས་ནུས་ལ། ཚད་མ་དེ་ལ་ལྟོས་ན་སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུའང་མེད་དེ། ཐོག་མར་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་སྣང་བའི་ངང་ཚུལ་བཀག་ན། དོན་དམ་བདེན་པའང་རྟོགས་མི་ནུས་པའི་ཕྱིར་ཏེ། དབུ་མ་རྩ་བ་ཤེས་རབ་ལས།
ཐ་སྙད་ལ་ནི་མ་བརྟེན་པར། །
དམ་པའི་དོན་ནི་རྟོགས་མི་ནུས། །
ཞེས་གསུངས་པ་ལྟར་ཡིན་པས་སོ།།
དེས་ན་ཟླ་བས་ཚིག་གསལ་ལས། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར། ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླང་བར་བྱའོ། །ཞེས་གསུངས་པ་ལྟར། དབུ་མ་ཐལ་རང་སུའི་ལུགས་ལའང་ཐོག་མར་ཀུན་རྫོབ་སྣང་བའི་རྣམ་གཞག་ཅིག་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཚུལ་རྟོགས་ན། སྣང་བའི་ངང་ཚུལ་འགོག་པའི་དབུ་མ་པ་སུ་ཡང་མེད་པའི་གནད་རྟོགས་པར་འགྱུར་རོ། །དེ་ལྟར་ཡིན་མོད། དོན་དམ་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་སྣང་བ་ཀུན་རྫོབ་ཀྱི་ཆོས་གང་ཡང་ཁས་མི་ལེན་ཏེ། སྐབས་དེར་བདེན་གཉིས་སོ་སོར་ཞེན་པའི་ཆ་ཕྲ་བ་དེའང་དགག་བྱ་ཡིན་པའི་ཕྱིར་རོ། །སྟོང་ཉིད་ལ་ཡིད་ཆེས་སྐྱེས་ན་ལས་འབྲས་ལ་ཡིད་ཆེས་ལྷག་པར་རྙེད་ཚུལ་གསུངས་པ་སོགས་ཀྱི་དོན་ནི། སྣང་བ་སྟོང་བར་གཏན་ལ་ཕབ། སྟོང་ཉིད་རྟེན་འབྱུང་དུ་འཆར་ཚུལ་ལ་ཡིད་ཆེས་པ་འབྱུང་དགོས་པ་དང་། ཁྱད་པར་དུ་དཔལ་ལྡན་ཟླ་བས།
ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་།།
རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི།།
མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར།།
དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་གྱིས།།
དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས།།
རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་།།
དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ།།
ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད།།
ཞེས་སོགས་ཀྱིས་བསྟན་པ་ལྟར་སྟོང་བཞིན་དུ། ཐ་སྙད་ཚད་མ་ལ་ལྟོས་ན་ལས་འབྲས་བསླུ་མེད་ཡིན་པ་དང་། དགེ་སྡིག་གི་འབྲས་བུ་ཕན་ཚུན་མི་འཆོལ་བར་འབྱུང་ཚུལ་ལ་ངེས་ཤེས་བསྐྱེད་དགོས་ཀྱི། སྟོང་ཉིད་ཡིན་ན་ལས་འབྲས་མི་འཐད་པས། ལས་རྒྱུ་འབྲས་མི་སྟོང་བར་འདོད་པ་ནི། དངོས་སྨྲ་པ་དག་གི་ཞེ་འདོད་དང་འདྲ་བས།
སྟོང་པ་ཉིད་ལ་ལྟ་ཉེས་ན།།
ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།།
ཞེས་པའི་ཕྱོགས་སུ་ལྷུང་ཉེན་ཆེའོ།།
མདོར་ན་ཚད་མ་གཉིས་ཀྱི་གཞལ་ཚུལ་སོ་སོར་ཕྱེས་ཏེ། སྣང་བ་འགོག་པའི་སྐབས་དང་། མི་འགོག་པའི་སྐབས། ཁས་ལེན་ཡོད་པའི་སྐབས་དང་མེད་པའི་སྐབས་སོགས་སོ་སོར་ཕྱེ་བ་ནི་ཆེས་གལ་ཆེ་སྟེ། གཞན་དུ་ཉིད་ཀྱིས་དྲངས་པའི་ལུང་དེ་དག་གི་དགོངས་དོན་ནམ་ཡང་རྟོགས་མི་ནུས་པའི་ཕྱིར་རོ། །དེས་ན་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། གང་དག་ཚད་མ་གཉིས་ཀྱིས་གཞལ་ཚུལ་བསྲ་བསྲེར་གྱུར་ཏེ། མ་བརྟགས་མ་དཔྱད་པའི་སྣང་ཙམ་ལས་དཔྱད་པའི་གྲུབ་མཐའ་ཞིག་ཁས་ལེན་ན་ཐལ་འགྱུར་པའི་ལུགས་དང་ཆེས་འགལ་སྙམ་དུ་སེམས་པར་མི་བྱ་སྟེ། ཞེས་གསུངས་པ་ལྟར་སྐབས་ཤན་སོ་སོར་ཕྱེ་བ་ཤིན་ཏུ་གལ་ཆེའོ།།
དོན་མེད་དགག་སྒྲུབ་གཏམ་གྱི་ཡོ་ལང་ལ།།
རོལ་བའི་སྲེད་པ་སྔར་ནས་ལྷོད་གྱུར་ཀྱང་།།
དོན་ཆེན་ལུང་རིགས་འགྲན་པའི་རོལ་རྩེད་ཀྱིས།།
སེམས་ཀྱི་བུ་ཆུང་བྲིད་པའི་མཐའ་མ་དམིགས།།
ཆགས་སྡང་རིང་དུ་སྤོང་པའི་བག་ཡོད་དང་།།
ལུང་རིགས་དཔང་དུ་འཇོག་པའི་ཞེ་དམ་གྱིས།།
དོན་གྱི་གནས་ལུགས་དྲང་པོར་བརྗོད་པ་ལ།།
གཟུར་གནས་དཔྱོད་ལྡན་གྲོགས་དག་ཅིས་མི་དགྱེས།།
དགེ་འདིས་རིས་མེད་མཁས་པའི་ལེགས་བཤད་ལ།།
མི་ཕྱེད་དད་པའི་སྣང་བ་ཆེར་འཕེལ་ཞིང་།།
དྲི་མེད་ཕ་ཆོས་ཡང་དག་རིགས་ལམ་ནས།།
སྨྲ་བའི་སྤོབས་པ་ཀུན་ནས་དགེ་གྱུར་ཅིག།
ཅེས་པ་འདི་ནི་དགེ་བཤེས་དངོས་གྲུབ་དཔལ་ལགས་ཀྱིས་རྒྱལ་དབང་ཀློང་ཆེན་པ་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་རྣམ་གཉིས་ཀྱི་གཞུང་གི་དཀའ་གནད་འགའ་ཞིག་གི་དགོངས་དོན་གཞན་དུ་འགྲེལ་བར་མཐོང་བ་ན། རང་ལ་རྒྱུས་མངའ་མེད་པའི་གཞུང་ཆེན་དག་གི་དགོངས་དོན་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་སྔ་བྱས་ན་ཅུང་མི་ལེགས་པས་བག་ཡོད་བྱ་བ་ནི་ཅི་འདྲའི་གལ་ཆེ་བ་ལ་ཨང་སྙམ་པའི་འདུ་ཤེས་ཤིག་ངང་གིས་སྐྱེས་ཤིང་། དེ་དང་འབྲེལ་དམ་པ་ཁོང་ལའང་དེའི་སྐོར་ནས་ལྷག་བསམ་དག་པས་གསལ་འདེབས་ཤིག་གི་ཚུལ་དུ། བོད་རབ་རྒྱན་ལྕགས་གླང་ལོའི་ཟླ་ ༠༣ པའི་ཚེས་ ༠༨ ཉིན་མུ་ར་ཀུན་བཟང་གིས་སྔ་འགྱུར་བའི་གདན་ས་ཆེན་མོ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།