༡༽
ད་ལྟའི་ནམ་ཟླ་ནི།
བག་ལྷོད་པའི་ཞོགས་པ་ཞིག་ལ་ཁེལ་འདུག
ཡང་སྙིང་ཅི་ཡང་མི་འདུག
ཐ་སྙད་ཅི་ཡང་མེད་པའི་གསེབ་ཏུ།
ངས་རང་ཉིད་ལ་ཐ་སྙད་གཞན་ཞིག་འཚོལ་གྱིན་ཡོད།
ཐ་སྙད་དེའི་ནང་དུ་གྲོགས་པོ་ཞིག་ཀྱང་དྲན་གྱིན་ཡོད།
སྐབས་དེར་ཡོད་ཚད་གོ་མེད་ཚོར་མེད་ངང་ཉུལ་འདུག
དབྱངས་སྐུད་ཞན་པའི་རོལ་དབྱངས་ཤིག་དང་མཚུངས།
དབྱངས་སྐུད་དེའི་གསེབ་ཏུ།
ངས་མཛེས་སྡུག་གི་རྩྭ་ཡི་རྩེ་མོ་ན་ལྗོངས་ཀྱི་ལོ་མ་ཞིག་འདེབས་ཀྱིན་ཡོད།
ལོ་མ་དེ་གྲོགས་ཀྱི་མཛའ་བརྩེ་དང་འབྲེལ་བའི་ཕྱི་ཐག་དེ་ཡིན།
ངས་དྲན་པ་ཟབ་མོའི་ཕྱི་རོལ་དུ་བལྟ་མི་ཕོད།
སྤོབས་པ་བསྐྱེད་ཀྱང་ཕྱིར་དྲན་ཡང་བྱེད་མི་ཕོད།
དྲན་པ་ཟབ་མོའི་ཕྱི་རོལ་ཏུ་མིག་ཆུ་དང་སྐྱོ་གདུང་འཁྱིལ་འདུག
དེ་དག་གི་ང་རང་དྲན་གདུང་ནང་དུ་བསྐྱལ་ནས།
ཐེ་ཚོམ་མེད་པར་ངུ་ཤོར་དུ་འཇུག
དེ་ནི་ཅི་འདྲའི་མཛེས་སྡུག་གི་བསླུ་བྲིད་ཅིག་རེད་ཨང་།
༢༠༢༡/༠༥/༢༩
༢༽
ངས་མཐོང་ཚུལ་ཞིག་ལ།
སྤྲིན་གསེབ་ཀྱི་འཇའ་ཚོན་དེ།
ཇི་འདྲའི་ཡིད་འཕྲོག་ཅིག
གཙང་པོ་དང་ཉེ་སར་མཐོང་།
ལས་དབང་དང་རིང་སར་འདུག
འཇའ་ཚོན་དེ་ཉིད་རྟོགས་ཐེངས་རེ་རེར།
བློ་བུར་ཐིམ་འགྲོ་བའི་སེམས་སྡུག་ཡང་ཤོར།
བརྩེ་དུང་གིས་དྲན་མེད་བཟོས་པ།
ང་རང་ཉིད་གཅིག་པོ་ག་ལ་ཡིན།
༢༠༢༡/༠༤/༢༧
༣༽
མགོ་ནག་བོད་པ་ཚོས་བརྗེད་མི་ཐུབ་པའི་ཟླ་བ་ནག་པོ།
དྲན་ཡང་གླེང་མི་ཕོད་པའི་ཉི་མ་ནག་པོ།
མཐོང་ནའང་བཟོད་མི་ཐུབ་པའི་སྐར་མ་ནག་པོ།
༤/༡༤ ཡི་ཉིན་མོ་དེ་རེད།
བྱམས་སྙིང་རྗེ་སྤུ་ཙམ་མེད་པའི་ས་ཆེན་པོ་འདིའི་རལ་པ་བསིག་ཐེངས་གཅིག་ལ།
ངའི་སྙིང་ཉེ་བའི་གངས་ཅན་གྱི་སྤུན་ཟླ་ཚོའི་གཅེས་པའི་ཚེ་སྲོག་མང་པོ་རྩ་རལ་བཟོས་སོང་བའི་ཉིན་མོ་ཞིག་ཡིན།
ཀྱེ་མ་ཀྱེ་མ། སྐབས་དེ་དང་དེའི་དུས་སུ་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལུང་དེ་ངུ་སྐད་དང་ཐལ་རྡུལ་སོགས་ཀྱིས་བལྟམས་ཏེ་བདེ་སྐྱིད་ཀྱི་ཉི་མ་སེར་པོའི་འོད་མདངས་ཡལ་སོང་བའི་ཉིན་མོ་དེ་ཡིན་ན།
ས་ཆེན་པོའི་ཁམས་དེར་ཁྲག་གི་ཆར་སྤྲིན་འཐོར་ཞིང་བམ་རོས་རི་བོ་ལྟར་ཁེངས་པར་བྱས་པའི་ཉིན་མོ་དེ་རིང་ཡིན་པས། ང་ཚོ་ཤུལ་ལུས་གངས་ཅན་གྱི་སྤུན་ཟླ་ཚོའི་མིག་ཆུ་སྐམ་མེད་པའི་ལྷ་བླ་མར་སྐྱབས་འཇུག་ཞུས་ཤིང་ཕྱོགས་གཅིག་ནས་གཅིག་ཏུ་སྡུག་ཆེན་པོའི་ཁུར་བོ་མཉམ་ཁུར་བྱས་པའི་ཉིན་མོ་དེ་ནམ་ཡང་བརྗེད་སྲིད་དམ་ཨང་།
༢༠༢༡/༠༤/༡༤
༤༽
མཚན་མོའི་གློག་སྒྲོན་འོག་ནས།
འཆར་ཡན་སྣ་ཚོགས་ཀྱི་རྟོག་བརྗོད་འབྲི་དུས།
ཆུ་འཛིན་བུ་མོའི་སྤྱན་ཆབ།
ཉི་ནུབ་ཀྱི་མཚམས་སུ་གཏོར།
སྨག་རུམ་གྱི་ཁྲོད་དུ་དགོད་པའི་སྒྲོན་མེ་འདི།
ཆུ་ཕྲན་གྱི་ཁ་ནས་ད་དུང་འཛུམ་དམུལ་དམུལ་འཕྱོ་བཞིན་འདུག་ནའང་།
ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་ན།
བདག་ནི་རྒྱུན་དུ་ཞི་འཇམ་ངང་ཉལ་ཡོད།
ལྷོད་ཆགས་པའི་མཚན་མོའི་རྨི་ལམ་ཁྲོད།
ཁྱེད་ནི་དུང་ཟླ་ལྟར་འཛུམ་པའི་བཞིན་རས་ཤིག
སྐར་ཆེན་བཞིན་འཚེར་བའི་མིག་ཟུང་ཞིག་ལྟར་འདུག་ན།
ཡོད་ཚད་ནས་ཡོད་ཚད་ཅིག་ཡིན་པའི་ཁྱེད་རང་རེད།
བདག་གི་རྨི་ལམ་ནས།
ཁྱེད་རང་ངའི་ཉེ་སར་སླེབ་དུས།
ཕྱིར་འོང་མེད་པའི་རྣམ་ཤེས་འཁྱམ་པོ་ཞིག་གིས།
མཁར་རྫོང་རྙིང་ཧྲུལ་ཞིག་གི་ནང་དུ་ཅི་ཞིག་འཚོལ་བཞིན་གདའ།
༢༠༢༡/༠༣/༢༡
༥༽
ཆར་སིམ་སིམ་ཀྱིས་དཀྲོལ་བའི་རོལ་དབྱངས་ཤིག་གི་ཁྲོད་ནས།
ངའི་རྨི་ལམ་དུའང་བོར་མ་མྱོང་བའི་ཡུམ་ཆེན་ལགས།
རྒྱང་རིང་ཞིག་ནས་དྲན་ཐལ།
འབྱུང་བཞི་ཆ་གཉོམ་མེད་པའི་གཡུལ་ས་ན།
ང་རང་ཉིད་ཕ་ཡུལ་གྱི་གཡུ་སྦྲང་ཞིག་ཡིན་ན་འདོད་ལ།
མ་དྲིན་ཅན་གྱི་ལག་ཏུ་ཐོགས་པའི་མེ་ཏོག་དེ་ཡིན་ན་ཆོག་ཨང་།
ཁོ་བོའི་ཁུར་ཚོས་ངོས་ནས་་བཞུར་བའི་མིག་ཆུ་དེ།
དྲན་གདུང་གིས་ཟིན་པའི་རྨ་ཁ་ཞིག་ཡིན་ན།
གློ་དང་མཆིན་་པའི་སྲུབ་ཀ་ནས་འཕགས་ཤིང་།
ཤ་རུས་ལ་ཐིམ་བཞིན་པའི་གཏམ་རྒྱུད་རིང་པོ་རིང་པོ་ཞིག་་ལྷང་ལ་བུད་ངེས།
བུད་ངེས།
༢༠༢༡/༠༣/༠༩
༦༽
གཉིད་ལས་སད་མ་ཐུབ་པའི་ང་།
གདོང་མཆི་མས་བརླན་པའི་ང་།
ལེ་ལོ་ཡིས་ར་བཟི་བའི་ང་།
ད་དུང་མལ་ལས་འཐམས་ནས་གཉིད་ལ་ཡུར།
གུ་དོགས་པའི་ཁང་མིག་གི་བར་གསེང་ནས།
དྲི་ངན་གྱིས་ཁེངས་པའི་ཉལ་ཁྲིའི་སྟེང་དུ།
རྨི་ལམ་ཞིག་རྨིས།
འཇོལ་མོའི་སྙན་པར་སྒྲོག་པའི་གསུང་སྐད་དང་།
འབྲི་མོའི་ངུར་རྒྱང་དང་།
གཡང་དཀར་ལུག་གིའི་འབའ་སྒྲ།
བེའུའི་ངུར་སྐད།
ད་དུང་ཡང་འཚེར་སྐད་ལྷང་ལྷང་གྲགས་པའི།
རྟ་ཕོའི་ཁྱུ་ཚོགས་དང་།
ཁྱིའི་ཟུག་སྐད་སོགས་གང་མང་མང་ཞིག་རྨིས།
མཚམས་མཚམས་སུ།
ཐ་ཐོར་དུ་ཆགས་པའི།
གྲོང་ཁྱེར་གྱི་སྒོ་དང་སྒེའུ་ཁུང་ལས།
བསིལ་རླུང་འཇམ་པོ་ཡི་སྐད་ཀྱང་གོ་ཐུབ།
དེས་དེ་བཟུང་ང་གཉིད་ལས་སད་ན་འདོད་བྱུང་།
༢༠༢༡/༠༢/༡༧
༧༽
དཔེ་ཆ་ཀློག་ཐེངས་རེ་རེར།
ངས་ང་རང་ཉིད་མིང་ཚིག་ཅིག་ཏུ་འགྱུར་ཨེ་འགྲོ་སྙམ།
མིག་ཆུ་ཤོར་ཐེངས་རེ་རེར།
ངས་ང་རང་ཉིད་འཇའ་ཚོན་ཞིག་ཏུ་འགྱུར་ཨེ་འགྲོ་སྙམ།
འགྱོད་པ་སྐྱེ་ཐེངས་རེ་རེར།
ངས་ང་རང་ཉིད་ལྐུགས་པ་ཞིག་ཏུ་ཨེ་འགྲོ་སྙམ།
ཁོང་ཁྲོ་ལོང་ཐེངས་རེ་རེར།
ངས་ང་རང་ཉིད་མེ་རི་ཞིག་ཏུ་འགྱུར་ཨེ་འགྲོ་སྙམ།
དུས་ཚོད་ཤོར་ཐེངས་རེ་རེར།
ངས་ང་རང་ཉིད་དབུལ་པོ་ཞིག་ཏུ་འགྱུར་ཨེ་འགྲོ་སྙམ།
༢༠༢༡/༠༡/༢༦
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཉག་སྦྲང་ཆར་གྱི་རང་མོས་སྙན་ངག་ཆེད་བསྒྲིགས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།