རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 12 August 2021

མྱི་ལྡོམ་པོའི་སྙན་ངག་ཁག་ལྔ།

ཡོང་ཁུངས།: རྩོམ་རིག་པའི་གཞིས་ཀ

༡. དྲན་པའི་འཕག་འཚག


སྤྲིན་ནག་ལྡིང་ཞིང་གནམ་གཤིས་ནག་ནོག་འདི།།
ཁེར་རྐྱང་ས་མཐར་རྒྱུ་བའི་ལས་དབང་ཡིན།།
འབྲུག་སྒྲ་སྒྲོགས་ཤིང་སེར་རྒོད་བབས་སོང་ན།།
མཐོངས་ལ་མིག་ལོག་བལྟ་ནས་མ་གཤེ་ཞིག།

ཆུ་འཛིན་ལོང་ལོང་འོག་གི་ཆར་འབྲུ་དག།
སེམས་འདི་དྲན་གདུང་མནར་བའི་མིག་ཆུ་ཡིན།།
གལ་སྲིད་ཁྱོད་ཀྱི་ཁ་ངོར་ལྷུང་སོང་ན།།
ལག་གི་ཨར་ཚོར་འཇམ་པོས་འབྱིད་རོགས་བྱོས།།

དྲན་གདུང་ཀློང་གི་སེམས་པ་ཁེར་རྐྱང་འདི།
བདག་གིས་ཁྱེད་ལ་བཅངས་པའི་བརྩེ་བ་ཡིན།།
ཨུ་ཚུགས་དབང་གིས་སུན་པོ་བཟོས་སོང་ན།།
མི་རྐྱང་ང་ལ་བཟོད་པ་སྒོམ་རོགས་བྱོས།།

༢༠༢༡/༠༦/༢༦ མྱི་ལྡོམ་པོས།


༢. མཇལ་སྐོར་ཕེབས།


འདི་ན་རྗོད་པར་དཀའ་བའི་བརྗོད་བྱ་ཡོད།།
རིན་ཐང་གཞལ་དུ་མེད་པའི་གཅེས་ནོར་ཡོད།།
སྔོན་བྱོན་ལོ་ཙཱ་རྣམས་ཀྱི་བྱིན་རླབས་ཡོད།།
གྲོགས་ཚོ་པར་ཁང་ཆེན་མོར་མཇལ་སྐོར་ཕེབས།།

གནའ་བོའི་རིག་གཞུང་ལྗིད་ཚད་སྔར་ལས་ལྕི།།
གནའ་མྱི་རྒན་རྒོན་གཤིས་ཀ་བལ་ལས་འཇམ།།
དེང་གི་གསར་སྐྱེས་ལྷག་བསམ་དུང་ལས་དཀར།།
གྲོགས་ཚོ་པར་ཁང་ཆེན་མོར་མཇལ་སྐོར་ཕེབས།།

གནའ་དེང་ཤེས་རིག་འབྱུང་གནས་ཆུ་གཏེར་ཆེ།།
གཅིག་ཏུ་བསྐྱིལ་བའི་ཁ་བ་བསིལ་ལྗོངས་ཀྱི།།
གནས་འདིའི་གཟི་བརྗིད་ཉིན་མོར་བྱེད་དང་མཉམ།།
གྲོགས་ཚོ་པར་ཁང་ཆེན་མོར་མཇལ་སྐོར་ཕེབས།།

འདི་རུ་གནའ་དེང་ཤེས་རིག་ནོར་གྱིས་ཕྱུག།
པར་ཁང་ཆེན་མོའི་བྱིན་རླབས་སྔར་ལས་ཆེ།།
སྡེ་དགེ་པར་ཁང་ཤེས་རིག་འབྱུང་གནས་ཆེ།།
རྟག་བརྟན་མི་ཤིགས་གཡུང་དྲུང་ངོ་བོར་སྨོན།།

༢༠༢༡/༠༨/༠༥ མྱི་ལྡོམ་པོས།


༣. འཁྱགས་པ་སིལ་སིལ།


ཆང་དང་ཨ་རག་ཟེར་བ།།
འཐུང་རྒྱུའི་སྐལ་བ་མ་བྱུང་།།
གྲང་ཆུ་མངར་སྐྱུར་འདྲེས་མ།།
བཏུངས་བའི་གྲངས་ཀ་མེད་རེད།།

འཁྱགས་པ་སིལ་སིལ་ལྡན་དུ།།
ཀུ་ཤུ་ནར་ནར་བསྲེས་པ།།
འདི་གའི་ཇ་ཁང་ནང་དུ།།
འདི་འདྲའི་ཞིམ་ཟས་ཡོད་རེད།།

ཕྱི་ནས་གྲང་བས་གཙེས་ཤིང་།།
ཡུལ་ལུང་ནད་ཀྱིས་ཁྱབ་ཀྱང་།།
དགོན་འདིའི་ཐུགས་རྗེས་བཀའ་དྲིན།།
ང་རང་བདེ་བར་གནས་ཡོད།།

༢༠༢༡/༠༨/༠༥ མྱི་ལྡོམ་པོས།


༤. ཟགས་པ་སྔ་སོང་།


ལྟག་པ་གནམ་ལ་དགྱེ་ཞིང་།།
བསམ་གཞིག་ཐོད་དུ་སྤུངས་ན།།
ཡ་ཆུང་སེམས་ཀྱི་དབུས་སུ།
ཁྱེད་རང་ལྷ་ཞིག་ཡིན་འདྲ།།

བྱ་ཚོགས་ཚང་དུ་ལོག་གི།
ལོ་མ་སེར་ལོ་མ་དག།
ཤག་ཤག་ཤག་ལ་ཟགས་སོང་།།
སྐྱོ་བའི་ཟློས་གར་ཡིན་འགྲོ།

གྲིབ་གཟུགས་ཞེད་སྣང་ཚ་པོས།།
ཁོ་ར་ཁོར་ཡུག་བཏུམས་སོང་།།
སྲིན་བུས་ཀྱུར་གྱུར་འབྱིན་པ།།
སྐྱོ་བའི་གླུ་ཆུང་ཡིན་འགྲོ།།

དབྱར་རྔ་མ་ལྡིར་གོང་དེར།།
དྲག་ཆར་མ་བབས་སྔོན་དེར།།
ང་རང་སླེབས་པ་འཕྱིས་སོང་།།
ཁྱེད་རང་ཟགས་པ་སྔ་སོང་།།

༢༠༢༡/༠༨/༠༦ མྱི་ལྡོམ་པོས།


༥. ཚོར་འདུའི་རི་མོ།


འཁོར་འདས་མཉམ་པར་བལྟ་བའི་ཤེས་རབ་མེད་ཀྱང་།
སྣང་བ་དགྲ་རུ་ལང་བའི་སྤོབས་པ་མི་འདུག།
སྣོད་བཅུད་ལྷ་སྐུར་ཤེས་པའི་རྣམ་དཔྱོད་མེད་ཀྱང་།།
མཐོང་ཐོས་ཐན་དུ་བལྟ་བའི་རྣམ་རྟོག་མི་འདུག།

བདག་གཞན་རྗེ་བའི་བྱང་སེམས་ཉམས་ལེན་མེད་ཀྱང་།།
འགྲོ་དྲུག་ཕ་མར་ཡིན་པའི་གཏམ་དེར་ཡིད་ཆེས།།
སྙིང་ཆུང་ལུས་ཕུང་འདི་དང་ལྷན་དུ་ཡོད་པས།།
ཚོར་བའི་རི་མོ་ལག་པས་འབྲི་སྙིང་འདོད་ཀྱི།།

ཟླ་བ་མཚོ་ངོགས་ཟག་པའི་དོ་དགོང་དུས་སུ།།
གྲོགས་ཁྱོད་ཞལ་རས་ནམ་ཞིག་མཇལ་བར་སྒུག་དགོས།།
ད་ནི་ལྕགས་སྒོ་ཆེན་པོས་ཁྲོག་སྒྲ་བསྒྲོགས་སོང་།།
འགྲོ་ཡུལ་ལམ་ཐག་རིང་ཐུང་སུ་ཡིས་བཤད་ཐིགས།།

འདས་དོན་མང་པོའི་རྗེས་སུ་ངལ་བ་མ་བྱེད།།
དུས་ཚོད་ལྟག་ལོག་རྒྱག་པའི་རྒྱུ་མཚན་མེད་རེད།།
མ་འོངས་རེ་བའི་མདུན་ལམ་སྣང་མེད་མ་བསྐྱུར།།
ཡ་གི་དྲིན་ཆེན་བླ་མར་སེམས་ཐོག་སྒོམས་ཤོག།

ཆུ་འཁོལ་ཕོར་བ་གང་ཙམ་འཐུང་རེས་མེད་ཅིང་།།
རྩམ་སྐྱ་ཐུར་མ་གང་གིས་ཟ་རེས་མེད་ཀྱང་།
དམ་ཚིག་གཅིག་པའི་སྐལ་མཉམ་མཆེད་གྲོགས་ཡིན་དུས།།
སེམས་ཀྱི་ཚོར་བ་འབྲི་ལ་ངལ་དགོས་མི་འདུག།

འདུས་བྱས་སྐད་ཅིག་གློག་གི་གར་སྟབས་སོམས་དང་།།
འདྲ་མིན་རྣམ་རྟོག་སྣ་དགུ་འཇའ་བཞིན་ཡལ་འགྲོ།།
བདག་པས་གཞན་གཅེས་སྙིང་རྗེའི་དམིགས་རྣམ་སྐྱོངས་དང་།།
ན་ཚའི་ཟུག་རྔུ་དེ་ཡང་ག་ལེར་ཡལ་འགྲོ།

ཟླ་བ་དགྲ་ཅན་ཁ་རུ་ཆུད་པ་མང་མོད།།
ཐར་བ་དེ་ཡང་གྲངས་མེད་ཡིན་པ་ཤེས་དགོས།།
སྐར་ཚོགས་སྤྲིན་གྱིས་བཀབ་པ་དངོས་ཡོད་རེད་དེ།
སྤྲིན་ནག་ཡོལ་བ་གཏོར་བ་གྲངས་ཀ་མེད་པ།།
གྲོགས་ཁྱོད་སེམས་ལ་གོ་ཆ་མཐུག་ཙམ་བགོས་ཤོག།

༢༠༢༡/༠༨/༠༧ མྱི་ལྡོམ་པོས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།