རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 13 August 2021

འཆི་བ་མི་རྟག་པ་སྟོན་པའི་མགུར།

གླུ་བའམ་སྒྲུང་པ་པདྨ་རིག་འཛིན་གྱིས་བརྩམས།
ཡོང་ཁུངས།: ཐོས་པ་དགའ་བའི་མི་སྒེར་འཕྲིན་སྟེགས།
སྤེལ་ཉིན།: ༢༠༡༨/༠༦/༡༡


བསླུ་མེད་གཏན་གྱི་སྐྱབས་གཅིག་བླ་མ་རྗེ། །
སྐྱིད་སྡུག་གང་བྱུང་ཁྱེད་ལས་རེ་ས་མེད། །
རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །
བསྒྲལ་ནས་ཐར་བའི་སྐམ་སར་ད་དྲོངས་ཤིག །

སྐང་གཉིས་གཙོ་བོ་སྟོན་པ་ཟས་གཙང་སྲས། །
ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་དང་བཅས། །
མ་ལུས་འགྲོ་ཀུན་འདྲེན་པའི་གཉེན་གཅིག་སྟེ། །
སངས་རྒྱས་རྣམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །

དམ་ཆོས་རིན་ཆེན་དགོས་འདོད་ཀུན་འབྱུང་འདི། །
བཀའ་གཏེར་ལུང་དང་མན་ངག་བསྟན་བཅོས་སོགས། །
དྲི་མེད་ལུགས་བཟང་ནོར་བུའི་རྒྱལ་མཚན་ཆེ། །
ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །

མ་ནོར་ལམ་གནས་ཚོགས་མཆོག་ཀུན་ཀྱི་ཞིང་། །
དུག་ལྔའི་རྟོག་པ་འཛིན་མེད་རྒྱང་ལ་བོར། །
བསམ་བྱུང་ཤེས་རབ་ཐུགས་ཀྱི་བཅུད་ཏུ་བསྟེན། །
ཕྱོགས་བཅུའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །

མ་གྱུར་འགྲོ་བའི་སྡུག་བསྔལ་བདག་ལ་སྨིན། །
འགྲོ་ཀུན་བདེ་དགའ་རྒྱ་མཚོའི་ས་ཐོབ་ནས། །
ཇི་སྲིད་འཁོར་བ་མ་སྟོང་བར་དག་ཏུ། །
དེ་སྲིད་གཞན་དོན་བསྒྲུབ་པའི་མཐུ་ཐོབ་ཤོག །

དལ་འབྱོར་མི་ལུས་རིན་ཆེན་དོན་དང་ལྡན། །
འཇིག་རྟེན་མི་རྟག་ནམ་འཆི་ཆ་མ་མཆིས། །
ཕྱི་རོལ་ཡུལ་དང་ནང་བཅུད་མི་རྟག་སྟེ། །
དམ་ཆོས་ཡང་དག་སྒྲུབ་པའི་དུས་ལ་བབ། །

དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི། །
རྙེད་པར་དཀའ་བའི་ལུས་ལ་སྙིང་པོ་ལོངས། །
འདི་འདྲའི་ལུས་རྟེན་ཐོབ་པར་མི་འགྱུར་བས། །
གཏན་གྱི་འདུན་མ་མྱུར་ཏུ་སྒྲུབས་ཤིག་ཀྱེ། །

མི་ཚེ་ཐུང་ཐུང་སྤྲིན་བར་ཉི་མ་དང་། །
ཆོས་ཀྱི་བསྐལ་བ་ཉིན་མོའི་སྐར་མ་འདྲ། །
འཁོར་བའི་བདེ་བ་སྐད་ཅིག་དུས་མི་རྟག །
འཆི་བ་མི་རྟག་བསྒོམ་ནས་དམ་ཆོས་སྒྲུབས། །

འདིར་སྣང་ཞེན་པའི་སྒྱུ་ལུས་གཡར་པོ་འདི། །  
ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན་དེ། །          
ཅིས་ཀྱང་བསམ་ན་འཆི་བ་མི་རྟག་སྒོམས། །  
ནམ་འཆི་ཆ་མེད་སོམ་ལ་དམ་ཆོས་སྒྲུབས། །

སང་བསྒྲུབ་གནངས་བསྒྲུབ་མི་ཚེའི་མཐའ་ལ་ཐུག །
འཆི་ཁ་འཇིགས་སྐྲག་ཆེ་ཡང་འགྱོད་པའི་རྒྱུ། །
དེ་བས་དལ་འབྱོར་སྟོང་ལོག་མི་བྱེད་པར། །
ནམ་འཆི་ཆ་མེད་སོམ་ལ་དམ་ཆོས་སྒྲུབས། །

འཁོར་བའི་བདེ་བ་སྡུག་བསྔལ་ཁོ་ན་ལས། །
སྐྱིད་པའི་དུས་ཤིག་གང་དུ་མ་མཆིས་ཤིང་། །
དུག་སྦྲུལ་ཚང་དང་མེ་འོབས་ནང་དང་མཚུངས། །
འཁོར་བའི་སྡུག་བསྔལ་བསམ་ནས་དམ་ཆོས་སྒྲུབས། །

མཐོན་པོ་གོལ་ས་ཅན་གྱི་རྒྱལ་པོ་ཡང་། །
རེ་ཞིག་སྐྱིད་སྐྱིད་འདྲ་ཡང་སྡུག་པའི་གཞི། །
སྐད་ཅིག་འགྱུར་བའི་སྡུག་བསྔལ་སྣ་ཚོགས་འབྱུང་། །
ཐོབ་དང་མངའ་ཐང་མི་རྟག་དམ་ཆོས་སྒྲུབས། །

གཟུགས་མཛེས་ཡིད་འོང་སྐད་སྙན་ངག་གི་སྒྲ། །
མི་རྟག་ནམ་མཁའི་འཇའ་ཚོན་ཇི་བཞིན་དུ། །
རྟག་བརྟན་མེད་པའི་སྐད་ཅིག་དུས་མི་རྟག །
བདེན་གྲུབ་གང་ཡང་མ་མཆིས་དམ་ཆོས་སྒྲུབས། །

བཟའ་ཚང་མི་རྟག་ཤིང་མགོའི་བྱ་ཚོགས་འདྲ། །
འདུས་མཐའ་བྲལ་བ་ཡིན་པ་ཆོས་ཉིད་དང་། །
སྐྱེ་འཆི་གཉིས་ལས་མེད་པ་ཤེས་པར་གྱིས། །
ཉེ་རིང་ཆགས་སྡང་སྤངས་ནས་དམ་ཆོས་སྒྲུབས། །

དེ་རིང་ཕྱུག་པོ་ཀླུ་ལ་འགྲན་པ་ཡིས། །
རྣམ་སྲས་ནོར་ལྟར་འཛད་མེད་ལོངས་སུ་སྤྱོད། །
སང་ཉིན་སློང་ཟས་ཟ་བའི་གནས་སུ་ལྷུང་། །
རྒྱུ་ནོར་རྟག་པར་མ་འཛིན་དམ་ཆོས་སྒྲུབས། །

བཙན་པོ་ཐོག་དང་འདྲ་བའི་དཔའ་བོ་ཡང་། །
ནམ་འཆི་ཆ་མེད་འཆི་རྐྱེན་ངེས་པ་མེད། །
བཙན་ཡང་འཇིག་རྟེན་ཐམས་ཅད་མི་རྟག་པ། །
ང་རྒྱལ་དུག་བཞིན་སྤངས་ནས་དམ་ཆོས་སྒྲུབས། །

མདང་སུམ་རང་ལས་སྐྱེས་པའི་བུ་ཆུང་ཡང་། །
འཇིག་རྟེན་སྟེང་ལ་གོམ་གང་མ་སྤོས་གོང་། །
དེ་ཡང་ནད་ཀྱིས་འཇིགས་ནས་འཆི་ཉེན་ཡོད། །
ནམ་འཆི་ཆ་མེད་སོམ་ལ་དམ་ཆོས་སྒྲུབས། །

ཕྱི་རོལ་ཡུལ་ལ་བསམ་ན་མི་རྟག་པ། །
དུས་བཞིའི་འགྱུར་བ་མ་བོས་བཞིན་དུ་འོང་། །
ནང་བཅུད་སེམས་ཅན་ཐམས་ཅད་མི་རྟག་པ། །
ཕྱི་ནང་བདེན་གྲུབ་མེད་པས་དམ་ཆོས་སྒྲུབས། །

དཔོན་ཆེན་རི་འདྲ་མཚོ་འདྲ་ལ་སོགས་ཀྱང་། །
གཡོག་འཁོར་བཙུན་མོ་སྲས་ཀྱིས་མཐའ་བསྐོར་ནས། །
ང་དང་ང་འོ་བསམ་ནས་འདུག་འདོད་ཀྱང་། །
ཤི་ཚེ་གཉེན་ཉེ་མི་རྟག་དམ་ཆོས་སྒྲུབས། །

བདེ་སྐྱིད་ལྷ་དང་མཉམ་པའི་ཕྱུག་ཆེན་ཡང་། །
ལོངས་སྤྱོད་ཆེ་ཡང་སྡུག་གི་སྣོན་མ་ཡིན། །
རྒྱུ་ནོར་ཕར་ཞོག་རང་གི་ལུས་མི་དབང་། །
མི་འཁྱག་མི་ལྟོག་ཙ་ན་དམ་ཆོས་སྒྲུབས། །

དལ་འབྱོར་མི་ལུས་རིན་ཆེན་ད་རེས་ཙམ། །
ཆོས་དང་བླ་མར་འཕྲད་པའང་ཤིན་ཏུ་དཀའ། །
ཆོས་ཀྱི་རང་སྐལ་རང་གིས་མི་བཅད་པར། །
རང་ངོ་རང་གིས་ཤེས་ནས་དམ་ཆོས་སྒྲུབས། །

མཐོན་པོ་ཡུལ་སྡེ་སྐྱོང་བའི་དཔོན་ཆེན་གཅིག །
རྒྱུ་ནོར་བསོག་སྲུང་བྱེད་པའི་ཚོང་བ་གཉིས། །
དུས་ཀུན་རྒྱལ་ཁམས་འགྲིམ་པའི་སྤྲང་པོ་གསུམ། །
འཆི་བ་འདྲ་མཉམ་ཡིན་པས་དམ་ཆོས་སྒྲུབས། །

འཕྱོར་སྒེག་གཡུ་བྱུར་བརྒྱན་པའི་མཛེས་མ་གཅིག །
ཉིན་མཚན་ལུས་ལ་བྲེལ་བའི་གཡོག་འཁོར་གཉིས། །
གཞོན་ཆུང་ནོར་རྗེས་འགྲིམ་པའི་རྫི་བོ་གསུམ། །
ཡོད་ཚད་བསྐྱུར་ནས་འགྲོ་དགོས་དམ་ཆོས་སྒྲུབས། །

དབྱར་དགུན་སྟོན་དཔྱིད་དུས་བཞིར་མི་ཁོམ་པའི། །
ཞིང་བ་འབྲོག་ལས་སོ་ནམ་ལས་ལ་བྲེལ། །
མདོར་ན་གང་སྒྲུབ་སྐྱིད་འདོད་ཁོ་ན་བསམ། །
མཐར་ཐུག་བདེ་སྐྱིད་འདོད་ཚེ་དམ་ཆོས་སྒྲུབས། །

སྡིག་ཅན་ཤན་པ་མི་སྲིན་གདོན་ཀྱི་ཚོགས། །
ཁྱོད་ཀྱང་ཤི་དགོས་བསམ་བློ་ནང་དུ་ཐོངས། །
ནོར་ལུག་བཤའ་གཏུབ་བྱེད་པའི་ལུས་ངན་པོ། །
ཉིན་མཚན་སྡུག་ལས་མ་བྱེད་དམ་ཆོས་སྒྲུབས། །

སྐྱིད་ན་བླ་མའི་ཐུགས་རྗེ་ཉིད་དུ་བསམ། །
སྡུག་ཀྱང་སྔོན་བསགས་ཡིན་པ་ངོ་ཤེས་དགོས། །
སྐྱིད་སྡུག་གང་བྱུང་དཀོན་མཆོག་རྣམ་གསུམ་ལས། །
རེ་ས་གཞན་ན་མེད་པས་དམ་ཆོས་སྒྲུབས། །

སྡིག་པའི་ལས་འབྲས་བསྐལ་བརྒྱར་ཆུད་མི་ཟ། །
གང་བྱས་རྣམ་སྨིན་རང་གིས་ཁུར་དགོས་པས། །
དེ་བས་ལས་དང་རྒྱུ་འབྲས་ཚུལ་བཞིན་སྲུངས། །
ལས་འབྲས་བསླུ་མེད་ཡིན་པས་དམ་ཆོས་སྒྲུབས། །

མདོར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །
རྟག་བརྟན་མེད་པའི་འཁོར་བའི་སྡུག་བསྔལ་འདི། །
གཅིག་ལ་གཅིག་ཟ་གནོད་པའི་ལས་བྱེད་པས། །
སྙིང་རྗེའི་སེམས་མཆོག་བསྐྱེད་ནས་དམ་ཆོས་སྒྲུབས། །

ལུས་འདི་བོར་ནས་བར་དོར་འཁྱམ་པའི་ཚེ། །
སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་མེད། །
རྟེན་མེད་རླུང་སེམས་འགྲོ་འདུག་ཆ་མ་མཆིས། །
གཅིག་པུར་འཁྱམ་དགོས་བསམ་ནས་དམ་ཆོས་སྒྲུབས། །

མི་ཆོས་རྩ་བ་དམ་ཆོས་གཙང་མ་ཡིན། །
ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་མཆོག་བསྐྱེད། །
ཡོད་ཚད་སེམས་ཀྱི་ཀུན་སློང་གཅིག་ལ་འདུས། །
བྱང་ཆུབ་སེམས་མཆོག་བསྐྱེད་ནས་དམ་ཆོས་སྒྲུབས། །

ཆོས་ཀྱི་རྩ་བ་ལས་འབྲས་མིག་བཞིན་སྲུངས། །
བྱང་ཆུབ་སེམས་འདི་ཡིད་བཞིན་ནོར་ལས་ལྷག །
དད་དམ་དམ་ཚིག་གཙང་མས་རབ་བརྒྱན་ཏེ། །
གཅེས་དགུ་ཡོད་ཚད་དཀོན་མཆོག་གསུམ་ལ་འབུལ། །

ས་སྟེང་སྐྱེ་བོ་གྲོགས་ལ་ཁུག་ཀྱང་རུང་། །
བློ་གཏད་བྱེད་པའི་གྲོགས་གཅིག་མ་མཆིས་པས། །
བྱང་ཆུབ་སེམས་ལས་ལྷག་པའི་གྲོགས་ཀྱི་མཆོག །
རང་གཞན་ཀུན་ཀྱི་རྒྱུད་ལ་སྐྱེ་བར་ཤོག །

བྱང་ཆུབ་སེམས་འདི་ཡོད་ན་དེས་ཆོག་པས། །
མེད་ན་ཐབས་ཆག་མེད་དུ་མི་རུང་བའི། །
གཞན་ཕན་སྙིང་རྗེ་ཁོ་ནར་རག་ལས་པས། །
དམ་ཆོས་ནོར་བུའི་འོད་ཀྱིས་ཁྱབ་པར་ཤོག །

མི་ཚེ་ཐུང་ཐུང་ཆོས་ལ་མ་འབད་ན། །
འཆི་བ་མི་རྟག་སང་ཡོང་གནངས་ཡོང་ཡིན། །
ཤི་ཚེ་དམ་པའི་ཆོས་ལས་སྐྱབས་གཞན་མེད། །
ནམ་ཡང་མི་བསླུ་དཀོན་མཆོག་རྣམ་གསུམ་ཡིན། །

གནས་སྐབས་ཚེ་འདིར་སྐྱིད་ཉལ་བྱེད་པའི་ཚེ། །
བདེ་བདེ་འདྲ་ཡང་རྣམ་གཡེང་ཁོ་ན་ལས། །
མི་ཚེ་སྟོང་ཟད་ཆོས་ཀྱི་སྐལ་བ་ཆད། །
དལ་འབྱོར་སྟོང་ལོག་མ་བྱེད་དམ་ཆོས་སྒྲུབས། །

བླ་མའི་བཀའ་སྒྲུབ་དབེན་པའི་རི་ལ་ཆས། །
འཚོ་བ་ངན་ངོན་ཙམ་ཀྱི་ཆོག་ཤེས་རྟེན། །
རང་སེམས་མ་ཡེངས་རང་ངོ་རང་གིས་ལྟོས། །
མཐར་ཐུག་དྲན་པ་མ་ཡེངས་དམ་ཆོས་སྒྲུབས། །

ཕྱི་རོལ་ཡུལ་ཀྱི་སྣང་བའི་འཛིན་པ་བྲལ། །
ནང་འཛིན་སེམས་ཀྱི་བློ་ཡིས་རྗེས་མི་གཅོད། །
གསང་བ་ཀུན་ཁྱབ་ཆོས་སྐུའི་ལྟ་བ་རྟོགས། །
གང་ཤར་རང་བབ་རང་གྲོལ་ངང་ལ་ཞོག །

མཐའ་བྲལ་ཟུང་འཇུག་སྐུ་ལྔའི་བདག་ཉིད་ཆེ། །
དག་མཉམ་ལྟ་བ་རིག་པའི་ངང་ལ་འདུས། །
ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་གདེང་དང་ལྡན། །
མཐར་ཐུག་ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །

     ཞེས་བསྐལ་པ་མེ་བྱ་ལོའི་རྟ་ཟླའི་ཚེས་དགུ་ལ། ལྷོ་ཀོ་རེ་ཡ་རྒྱལ་ཁབ་ཀྱི་རྒྱལ་པོ་བཙོན་ལ་ལྷུང་བ་ཐོས་པས་སྐྱེན་བྱས་ཏེ། ངོ་མ་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པའི་དོན་རྟོགས་ཤིང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ཞེན་ཆགས་བྱས་ཀྱང་དོན་མེད་དཀའ་བའི་རྒྱུ་རུ་མཐོང་ནས། སེམས་སྐྱོ་བའི་ངང་ཁྲིན་ཏུའུ་རུ་པདྨ་རིག་འཛིན་ནས་བྲིས།།

གླུ་བའམ་སྒྲུང་པ་པདྨ་རིག་འཛིན།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།