རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 14 September 2021

དོལ་པོའི་བླ་མ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

༸སྐྱབས་རྗེ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་
དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

མཁན་པོ་ཀརྨ་དབང་རྒྱལ་གྱིས་བརྩམས།

པདྨ་འབྱུང་གནས་རྗེས་འབངས་ཉེར་ལྔ་སོགས།།
འཕགས་བོད་མཁས་གྲུབ་རྣམས་དང་དབྱེར་མེད་པའི།།
བྱ་བྲལ་སངས་རྒྱས་རྡོ་རྗེའི་ཐུགས་ཀྱི་སྲས།།
འཇིགས་མེད་ཁྲོ་རྒྱལ་ཞབས་ལ་གསོལ་བ་འདེབས།། 

དེའང་༸སྐྱབས་རྗེ་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་འཁྲུངས་ཡུལ་དང་ཉེ་སར་བསྟི་གླིང་ཁུག་མོའི་ཁྱིམ་གཞིས་སུ། ཡབ་ཆོས་འཁོར་གདུང་རིགས་དྲི་མ་མེད་པ་ཟླ་བ་དོན་གྲུབ་དང་། ཡུམ་ར་ནག་གི་རྒྱལ་པོ་དང་གདུང་རིགས་གཅིག་པ་ར་ནག་དཔལ་བཟང་འཛོམས་སྐྱིད་གཉིས་ཀྱི་སྲས་སུ།  སྤྱི་ལོ་ ༡༩༤༧ ལོར་དོལ་པོ་རུ་སྐུ་འཁྲུངས། 

     སྐུ་ཆུང་ངུའི་དུས་ནས་རང་ཡུལ་དུ་ཡོད་པའི་དོལ་པོའི་གྲུ་དགོན་ཏེ་དཔལ་གཡས་འཚེར་དགོན་དུ། འཕྲེད་ཕུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་། བྱ་ཚང་ཆོས་རྗེ་ཀརྨ་གཡང་སྐྱབས། དེ་བཞིན་དུ་ངེས་དོན་གྱི་མཁས་གྲུབ་ཆེན་པོ་རྒྱམ་མདོ་སྤྲུལ་སྐུ་པདྨ་མཁྱེན་བརྩེ་རྡོ་རྗེ་སོགས་ལས་ཡི་གེ་འབྲི་ཀློག་དང་། ཉང་གཏེར་གུར་དྲག་གི་ཆོས་འཁོར་དང་། འཇའ་ཚོན་ཟབ་གཏེར་སོགས་ཀྱི་འདོན་རྟ་དབྱངས་དང་། དག་ཡིག་སུམ་རྟགས་སོགས་སྒྲ་རིག་པ་ནས། སྤྱོད་འཇུག་སྡོམ་གསུམ་སོགས་ནང་དོན་རིག་པ་བཅས། རིག་པའི་གནས་མཐའ་དག་ལ་སྦྱོང་བར་མཛད། དེ་བཞིན་དུ་དབང་ལུང་མན་ངག་ཅི་རིགས་གསན་བཞེས་མཛད་ཅིང་། བསགས་སྦྱང་སྒོམ་སྒྲུབ་ཀྱང་མཛད།  
     
     དགུང་གྲངས་ཉེར་ལྔ་ཙམ་ལ་བླ་མ་མང་པོས་ལུང་བསྟན་དང་བསྐུལ་མ་མཛད་པ་བཞིན། ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེའི་ཞབས་སུ་བཏུད་དེ། ལོ་ངོ་དྲུག་ཙམ་གྱི་རིང་ཤི་ལི་གུ་རི་སོགས་སུ་བ་ཕྱུགས་འཚོ་བ་སོགས་སྔོན་བྱོན་གོང་མ་རྣམ་པའི་མཛད་པ་བཞིན། བླ་མ་མཉེས་པ་གསུམ་གྱིས་བསྙེན་ཏེ་རྩ་བའི་བླ་མ་མཆོག་ཏུ་བཀུར་བས། རྗོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཞུས་ཤིང་། ཞུས་ལོ་རུ་མ་བཞག་པར་༸སྐྱབས་རྗེ་བྱ་བྲལ་གང་གི་སྒྲུབ་ཁང་དུ་ལོ་གསུམ་གྱི་རིང་ལ་ཡོ་ག་གསུམ་གྱི་ཉམས་ལེན་གནད་སྨིན་མཛད། 

     གཞན་ཡང་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ལས་བདུད་འཇོམས་ཟབ་གཏེར་ཡོངས་རྫོགས་ཀྱི་དབང་ལུང་དང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སྔ་འགྱུར་བཀའ་མའི་དབང་ལུང་ཞུས་ཤིང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ནས་རིན་ཆེན་གཏེར་མཛོད་ཆེན་མོ་ཡོངས་རྫོགས་ཀྱི་དབང་དང་། ༸སྐྱབས་རྗེ་ཞྭ་ལམ་རབ་འབྱམས་རིན་པོ་ཆེ་མཆོག་ནས་ལུང་གསན། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་སྟག་ལུང་བརྩེ་སྤྲུལ་རིན་པོ་ཆེ། སྨྱོ་ཤུལ་མཁན་རིན་པོ་ཆེ་སོགས། རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ལས། གསར་རྙིང་གི་གདམས་པ་མ་ལུས་པ་གསན་བཞེས་མཛད་པ་ནི། ཀློག་པ་ཐོས་བསམ་གྱི་འཁོར་ལོ་མཛད་པའི་ཚུལ་མདོ་ཙམ་དང་།
     
     དགུང་ལོ་སོ་ལྔ་སྟེ་སྤྱི་ལོ་ ༡༩༨༢ ལོར། རང་ཡུལ་དོལ་པོའི་ཕྱོགས་སུ་ལོག་ཕེབས་ནས། ཐོག་མར་ཉིད་ཀྱི་གདན་ས་དཔལ་བྱང་ཆུབ་དགེ་འཕེལ་གླིང་བརྟེན་དང་རྟེན་པ་བཅས་ཕྱག་འདེབས་པར་མཛད་ཅིང་། དགོན་པ་དེའི་མཚན་ཡང་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས་གནང་བ་སོགས་རྟེན་འབྲེལ་གྱི་སྒོ་མོ་ཡང་འགྲིགས་ཏེ། ད་ལྟ་མདོ་སྔགས་རབ་འབྱམས་ཀྱི་ཐོས་བསམ་སྒོམ་པའི་བསྟི་གནས་ཀྱི་མཆོག་ཏུ་གྱུར་ཡོད། གཞན་ཡང་སྔ་ཕྱིར་སྐུ་གསུང་ཐུགས་རྟེན་སྣ་ཚོགས་བཞེངས་ཤིང་།  དུས་ཕྱིས་སུའང་ནམ་སྟོད་རྩ་བའི་ཡུལ་དུ་གསང་ཆེན་ངེས་དོན་ལྷུན་གྲུབ་གླིང་སྟེ། ཡན་ལག་དགོན་པ་ཞིག་ཀྱང་ཕྱག་བཏབ་པར་མཛད་པ་སོགས་ནི། བྱ་བ་ལས་ཀྱི་འཁོར་ལོ་མཛད་ཚུལ་མདོ་ཙམ་མོ།།
     
     ཤེལ་རི་དང་དམར་སྒོམ་སོགས་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་བཞེས་ཁོ་ན་མཛད་པ་དང་། ཁྱད་པར་ཉིད་ཀྱི་གདན་ས་དཔལ་བྱང་ཆུབ་དགེ་འཕེལ་གླིང་དུ་ད་བར་གྲུབ་གྲྭ་ཐེངས་བཅུ་ཕྲག་ཙམ་བསྐྱངས་ཤིང་བླ་མ་རྡོ་རྗེ་སློབ་དཔོན་བསྟན་འགྲོ་ལ་ཕན་ངེས་དུ་མ་བསྐྱེད་སྲིང་མཛད། མདོར་ན་སྐུ་ཚེ་གང་པོ་སྒྲུབ་པ་ཉམས་ལེན་ཁོ་ན་ལས་མི་འདའ་བར་མཛད་པ་ནི། སྤོང་བ་བསམ་གཏན་གྱི་འཁོར་ལོར་རོལ་བའི་ཚུལ་མདོ་ཙམ་མོ།།

     སྤྱིར་མགོན་པོ་གང་ཉིད་ནི་ཆོས་བྱེད་ངེས་པ་ཅན་ལ་མ་གཏོགས་དབང་ལུང་མན་ངག་སོགས་གང་ཐད་དུ་མི་གནང་ཞིང་། མན་ངག་གི་རིགས་དག་ཡི་གེ་དང་། སྒྲ་འཛིན་དུ་མི་གནང་ཞིང་། དངོས་སུ་ཞུས་ཏེ་གང་གསུངས་པ་དག་ཉམས་ལེན་གྱི་མྱོང་བས་སེམས་ལ་འཇགས་སུ་ཁོ་ན་འཇུག་ཀྱང་། རིས་སུ་མ་ཆད་པ་ལ་བཀའ་སློབ་མན་ངག་གསུངས་པའི་གསུང་རྩོམ་གྱི་རིགས་ཀྱང་མང་དུ་བཞུགས།
     
     མདོར་ན་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོམ་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་མཐའ་དག་མཛད་པ་དང་། རང་ཉིད་མཁས་བཙུན་བཟང་པོའི་རྣམ་ཐར་ལ་བཞུགས་པ་མ་ཟད། ཁྱད་པར་དུ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་དེ་ཉིད་དོལ་ཕྱོགས་སུ་སྔ་ཕྱི་ཅི་རིགས་སུ་དར་ཡོད་སྲིད་ཀྱང་། དུས་རབས་ཉི་ཤུ་པའི་ནང་དུ་དར་བར་མཛད་པ་པོ་ནི་ཁོང་ཉིད་ཡིན་པ་ཡོངས་གྲགས་ལྟར་དང་། ལྷག་པར་དུ་སྟོན་པ་དང་བསྟན་པ་གཉིས་ཀ་ཡིན་པ་དམ་ཆོས་འདུལ་བ་ནི། གཞི་གསུམ་གྱི་ཆོ་ག་ལ་རག་ལས་ཤིང་། དེ་ཡང་ཕྱག་ལེན་རྣམ་དག་ལ་རག་ལས་པར་དགོངས་ནས། ད་བར་དགེ་སློང་ལྔ་སྡེ་སོགས་ཀྱིས་དབྱར་གནས་ཐེངས་གསུམ་གནང་ཡོད་ཅིང་། ད་ནི་གཞི་གསུམ་ཆོ་གའི་ལག་ལེན་གྱིས་ཕྱི་དར་རབ་བྱུང་གི་སྡེ་སླར་ཡང་ཚུགས་འོང་བ་འདི་ཡང་བླ་མ་རིན་པོ་ཆེའི་བཀའ་དྲིན་ཉག་ཅིག་ཡིན་ནོ།།
     
     མགོན་པོ་གང་གི་ཞལ་སློབ་ཀྱི་ཚོགས་ཀྱང་། དོལ་པོ་དམར་སྒོམ་རིན་པོ་ཆེ། དོལ་པོ་སྤྲུལ་སྐུ་རིན་པོ་ཆེ། དོལ་པོ་ར་ནག་རིན་པོ་ཆེ། དོལ་པོ་ཤཱཀྱ་རིན་པོ་ཆེ། དོལ་པོ་ཀོ་མང་སྤྲུལ་སྐུ་རིན་པོ་ཆེ་སོགས་སྐྱེས་ཆེན་རྣམས་དང་། ཐུགས་སྲས་དགེ་སློང་དར་རྒྱས། དགེ་སློང་ཀརྨ་ཡོན་ཏན། དགེ་སློང་ཆོས་འབྱོར། དགེ་སློང་པདྨ་ཕྲིན་ལས་སོགས་རབ་བྱུང་ངུར་སྨྲིག་གི་སྡེ་དང་། བླ་མ་བློ་གྲོས་དཔལ་བཟང་། བླ་མ་ཀུན་བཟང་དོན་གྲུབ། བླ་མ་ཚུལ་རབ། བླ་མ་ཚུལ་ཁྲིམས་སོགས་གོས་དཀར་ལྕང་ལོའི་སྡེ་དང་། ཧྲབ་ཀྱི་སྤྲུལ་སྐུ་པདྨ་ཕྲིན་ལས་དམ་པ་དང་དེའི་ཡང་སྲིད་སྤྲུལ་སྐུ་ཚེ་རིང་དབང་འདུས། དོལ་པོ་སྒོམ་སྤྲུལ་རིན་པོ་ཆེ་སོགས་སྤྲུལ་སྐུའི་ཚོགས་དང་། མཁན་པོ་པདྨ་རྡོ་རྗེ། མཁན་པོ་དཔལ་ལྡན་བློ་གྲོས། མཁན་པོ་བསྟན་འཛིན་ནོར་བུ་སོགས་མཁན་པོའི་ཚོགས་དང་། སློབ་དཔོན་པདྨ་ཚེ་བརྟན། སློབ་དཔོན་འཇིགས་མེད་ཕྲིན་ལས་ནོར་བུ། སློབ་དཔོན་པདྨ་རྒྱལ་མཚན་སོགས་མཁས་པའི་ཁྱུ་དང་། སློབ་དཔོན་ཨྱོན་དོན་གྲུབ་སོགས་བྱ་བྲལ་བ་དང་། མི་རྗེ་ཕྲིན་ལས་ལྷུན་གྲུབ། མི་རྗེ་བཀྲ་ཤིས་དོན་གྲུབ། མི་དཔོན་པདྨ་དར་རྒྱས། མི་དཔོན་པདྨ་དབང་ཆེན་སོགས་དཔོན་ཆེན་གྱི་རིགས་དང་། རྒན་ཀརྨ་དོན་གྲུབ། རྒན་བཀྲ་ཤིས་ཕུན་ཚོགས། རྒན་པདྨ་དགོས་འབྱོར་སོགས་སྤྱི་ཚོགས་ཞབས་ཞུའི་མི་བོ་ཆེ་རྣམས་དང་། ཇོ་མོ་བདེ་ཆེན་དབང་མོ་སོགས་བཙུན་མའི་ཚོགས་དང་། སྦྱིན་བདག་ཆེན་པོ་ཟླ་བ་ཚུལ་ཁྲིམས་སོགས་སྦྱིན་པའི་བདག་པོ་རྣམས་དང་། གཞན་ཡང་དགེ་བསྙེན་ཕོ་མོ་སྟོང་ཕྲག་མང་པོ་ལ་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འདྲེན་པར་མཛད་ཅིང་། མདོར་ན་ཡ་གི་དོལ་པོའི་ཉི་ཟླ་སྐར་གསུམ་སྟེ་ཉི་ཤཱཀ་དམར་གསུམ་ནས་མ་གི་དོལ་འབྲོག་མགོན་མེད་ཉམ་ཐག་པ་སུ་ལའང་གང་ལ་གང་འདུལ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་ཅིང་ལྟོ་གོས་ཆོས་གསུམ་ཅི་རིགས་ཀྱི་སྒོ་ནས་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ལགས་པས་ན། ད་ལྟའང་སེམས་ཅན་གྲངས་མེད་ཀྱི་མགོན་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་འཚོ་ཞིང་བཞུགས་པ་འདི་ཉིད། འུ་ཅག་དོལ་པོ་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ནོར་བུ་རིན་པོ་ཆེ་མཆོག་ཏུ་གྱུར་པ་གཅིག་པུ་ཡིན་པས། ཁོ་བོས་ཀྱང་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་ཅིག་ཅེས་སྨོན་ལམ་ཡང་ཡང་འདེབས་པ་ལགས་སོ།།
     
     འདྲེན་མཆོག་གང་གི་ཕྱི་ནང་གསང་བའི་རྣམ་ཐར་བསམ་གྱི་མི་ཁྱབ་པ་ལས། ཐུན་མོང་ཕྱི་ཡི་རྣམ་ཐར་གྱི་ཆ་ཤས་ཙམ་ཞིག་བྲིས་པ་ལགས་པས་ན། ངོ་མཚར་བའི་རྣམ་པར་ཐར་པ་རྒྱས་པ་ནི་ཁོང་གི་རང་རྣམ་དང་ཐུགས་སྲས་དགེ་སློང་དར་རྒྱས་མཆོག་གི་མཛད་པ་དག་ལས་མཁྱེན་པར་མཛོད་ཅིག་དང་། འདི་ཉིད་ནི་སྔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་མཆེད་གྲོགས་དོལ་གྱི་གཅེས་ཕྲུག་གསུམ་གྱི་ཡ་རྒྱལ་ཀ་རང་ཇོ་བའི་བླ་མ་གང་གི་རིགས་རྒྱུད་མ་ཉམས་པར། བླ་རབས་བཅུ་ཕྲག་ལྔ་ཙམ་སོང་བའི་ཀ་རང་ཇོ་བའི་བླ་མ་སྲི་གནོན་དོན་གྲུབ་མཆོག་གི་གདུང་སྲས་བླ་མ་དཔལ་བཟང་རིན་པོ་ཆེ་མཆོག་ནས་བཀའ་གནང་བ་ལྟར་དུ་ཕྲན་མཁན་པོ་ཀརྨ་དབང་རྒྱལ་ནས་མདོར་བསྡུས་སུ་བྲིས་པ་ལགས་ན་འདིའང་དད་པའི་གསོས་སུ་གྱུར་ཅིག། །། 

དཔལ་ལྡན་བླ་མའི་རྣམ་ཐར་བྲིས་པའི་དགེས།།
འགྲོ་ཀུན་གནས་སྐབས་བདེ་སྐྱིད་དཔལ་དང་ལྡན།།
སྒྲིབ་གཉིས་དག་ནས་ཚོགས་གཉིས་ཡོངས་རྫོགས་ཤིང་།།
སྐུ་གཉིས་མངོན་གྱུར་ཡོན་ཏན་མཐར་ཕྱིན་ཤོག། 
༢༠༢༡/༠༨/༢༧

1 comment:

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།