གུན་གནང་སྐབས་སུ་རང་གི་སློབ་བུ་དག་ལ་དཔེ་ཀློག་སྐོར་ནས་ཁ་བརྡ་ཉུང་ཙམ་བྱེད་སྐབས་སུ་དྲན་ཐོར་བྲིས་པ།
རྩོམ་པ་པོ། དྷཱི་ལྷ་ལྡན།
ཡོང་ཁུངས། འོད་འཛིན་རྩོམ་སྟེགས།
གཅིག ང་ཚོ་ལ་རྙེད་དཀའ་བའི་དཔེ་ཀློག་གི་ཆ་རྐྱེན་འཛོམས་ཡོད་པ་ཤེས་དགོས།
༡. དབང་པོ་ཀུན་ཚང་གི་ཆ་རྐྱེན་ཚང་བ།
སྤྱི་ཚོགས་སྒང་གི་མིག་དང་རྣ་ལྕེ་སོགས་མེད་པའི་མི་དང་། སྨྱོན་པ་དང་ལྐུགས་པ་སོགས་དབང་པོ་མི་ཚང་བའི་མི་དག་ལ་བལྟས་ན། ང་ཚོ་ནི་སློབ་སྦྱོང་དང་དཔེ་ཀློག་བྱས་ཏེ། མི་ཚེ་རིན་ཐང་དང་ལྡན་པར་བྱེད་པའི་ཆ་རྐྱེན་གཞལ་དུ་མེད་པ་དེ་ཚང་ནས་ཡོད། རང་གིས་རང་ཉིད་ལ་རྙེད་དཀའ་བའི་ཆ་རྐྱེན་འདི་དག་ཚང་ཡོད་པ་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ། དེ་ཡི་རང་བཞིན་ནི་དཔེར་ན་ཡ་ཧུ་ད་པའི་གཏམ་རྒྱུད་ལས་«སྒོར་ས་ཡ་གཅིག་གི་བདག་པོ་»ཞེས་པ་ལྟ་བུ་རེད།
༢. ན་ཚོད་དར་བབ་ཀྱི་ཆ་རྐྱེན་ཚང་བ།
ན་གཞོན་གྱི་དུས་ཚོད་ནི། མི་ཚེའི་ནང་འཕྲད་པ་ཐེངས་གཅིག་ལས་ཡོད་མི་སྲིད་པའི། གཞལ་མཐའ་བྲལ་བའི་རིན་པོ་ཆེའི་དུས་ཚིགས་དེ་ཡིན། དུས་ཚོད་ཁྱད་པར་བ་འདི་བེད་སྤྱད་དེ་ཡོན་ཏན་མི་སློབ་པ་ནི། རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱེད་པ་དང་འདྲ་སྟེ། ནམ་ཞིག་རང་ཉིད་འགྱོད་གདུང་དྲག་པོ་ཞིག་གི་ནང་དུ་ལྷུང་བའི་དུས་ཤིག་ཐོན་ངེས། དེ་བས་མི་རེ་རེའི་མི་ཚེའི་ནང་འཕྲད་པ་ཐེངས་གཅིག་ལས་ཡོད་མི་སྲིད་པའི། དུས་ཚོད་ཁྱད་པར་འདི་ངོས་ཟིན་པ་གལ་ཆེ། དེ་ནི་ངས་ཁྱོད་ཚོར་རྒྱུན་པར་བཤད་པའི་གཏམ་རྒྱུད་ཅིག་སྟེ། དགེ་རྒན་ཞིག་གིས་ཤིང་སྡོང་གི་ཚལ་དུ་སློབ་མ་དག་ཁྲིད་ནས། དུས་ཚོད་ཀྱི་རིན་ཐང་ངོ་སྤྲོད་བྱས་པ་ལྟ་བུ་རེད།
༣. དུས་ཚོད་དལ་བའི་ཆ་རྐྱེན་ཚང་བ།
མི་མང་པོ་ཞིག་ནི། དཔེ་ཀློག་དང་ཡོན་ཏན་སློབ་པར་ཅི་ཙམ་དགའ་ན་ཡང་། ཁོ་ཚོ་ནི་ཁ་གསོ་རྒྱབ་འགེབ་ཀྱི་སླད་དུ་བྲེལ་གྱིན་ཡོད། མི་སུ་ཡིན་ཀྱང་ལྟོ་གོས་མེད་ན་འཇིག་རྟེན་འདིར་འཚོ་ཐབས་མེད་པས། སོས་དལ་གྱི་དུས་ཚོད་ཟེར་བ་དེ་རྙེད་པར་ཤིན་ཏུ་དཀའ། འོན་ཀྱང་ཁྱོད་ཚོར་མཚོན་ན་བྱ་དཀའ་བའི་ལས་དོན་དེ་དག་ཡུལ་གྱི་ཕ་མ་དང་ཁྱིམ་མི་ཚོས་སྒྲུབ་ཀྱིན་ཡོད་པ་རེད། ཉིན་བྲེལ་མཚན་ངལ་གྱིས་འཚེ་བའི་དཀའ་ངལ་ཡོད་ཚད་ཁོ་ཚོས་ཁུར་ཏེ། ཁྱོད་ཚོ་ལ་སློབ་སྦྱོང་དང་དཔེ་ཀློག་གི་གོ་སྐབས་བསྐྲུན་ཡོད་པ་རེད། དེ་བས་འཇིག་རྟེན་འཚོ་གནས་ཀྱི་སླད་དུ་འུར་ཟིང་དང་བྲེལ་འཚུབ་རྒོད་པའི་འཁོར་གནས་འདི་ནས། ཁྱོད་ཚོ་ལ་སོས་དལ་ལྷིང་འཇགས་ཀྱི་དཔེ་ཀློག་དང་། སློབ་སྦྱོང་གི་དུས་ཚོད་ཁྱད་པར་བ་ཞིག་འཐོབ་ཡོད་པ་འདི་ངོས་ཟིན་དགོས།
གཉིས་པ། ང་ཚོས་ཅི་ཕྱིར་དཔེ་ཀློག་དང་སློབ་སྦྱོང་བྱེད་དགོས།
འདི་ནི་གནད་འགག་ཅིག་ཡིན། འོན་ཀྱང་འདི་ལ་དབང་པོ་རབ་འབྲིང་ངམ། བསམ་བློའི་སྙིང་སྟོབས་ཀྱི་ཁྱད་པར་ལས་མི་འདྲ་བ་ཁ་ཤས་བྱུང་གིན་ཡོད།
༡. མི་རིགས་དང་རིག་གཞུང་གི་སླད་དུ།
རྒྱ་ཆེ་ས་ནས་བསམ་བློ་བཏང་ན། ཆགས་འཇིག་གི་འགག་སྒོ་རུ་ལུས་པའི། རང་རེའི་མི་རིགས་དང་རིག་གཞུང་གི་ལས་དབང་ལ་བསམས་ནས། དཔེ་ཀློག་དང་སློབ་སྦྱོང་བྱེད་དགོས། འུ་ཚོ་རང་རང་ད་ལྟ་གནས་བཞིན་པ་ཡིན་པས་དེ་ཙམ་ཚོར་བས་ཟིན་དཀའ་ཡང་། མ་འོངས་པར་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ན། འུ་ཚོའི་མི་རབས་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་དམིགས་བསལ་གྱི་མི་རབས་ཤིག་ཏུ་འཁེལ་ཡོད་ངེས་ལ། མི་རིགས་དང་རིག་གཞུང་ལ་མཚོན་ན་ཆེས་ཆགས་འཇིག་གི་འགག་སྒོ་རུ་ཚུད་པའི་དུས་རབས་ཤིག་ལ་འཁེལ་ཡོད། སྐབས་འདིར་ང་ཚོར་ཐབས་ལམ་གཅིག་ཡོད་པ་ནི། མི་རྣམས་ཀྱིས་དཔེ་ཀློག་མང་ཙམ་བྱེད་ཅིང་། སློབ་སྦྱོང་ཟབ་ཙམ་གནང་ནས་ཚང་མ་གོ་རྟོགས་སད་རྒྱུ་དེ་རེད་ལ། ཕྱོགས་གཞན་ཞིག་ནས་རང་གི་ཐུན་མིན་གྱི་དཔེ་ཆ་དང་རིག་གཞུང་ལ་བསླབས་ཏེ། རིག་གཞུང་གི་རིན་ཐང་ངོས་ཟིན་པའི་སྟེང་ནས་ནུས་ཚོད་ཀྱིས་བརྒྱུད་འཛིན་བྱེད་དགོས་པ་དེ་རེད།
༢. སོ་སོའི་ཕ་མ་དང་ཁྱིམ་མིའི་རེ་བ་ཡི་སླད་དུ།
དེ་ཙམ་བསམ་བློ་ལ་མི་འཁོར་ན། ཁྱོད་ཚོས་ཅིས་ཀྱང་རང་རང་གི་ལྟག་རྒྱབ་ནས་རེ་བའི་མིག་ཟུང་ཅེར་བའི་ཉམས་ཐག་པའི་སོ་སོའི་ཕ་མ་དང་། སོ་སོའི་ཁྱིམ་མིའི་སླད་དུ་དཔེ་ཆ་མང་ཙམ་ཀློག་ཅིང་། སློབ་སྦྱོང་ལ་ནན་ཏན་བྱེད་དགོས། ངས་རྒྱུན་པར་བཤད་པ་ལྟར། ཁྱོད་ཚོའི་ལྟག་རྒྱབ་ནས་བལྟས་ཡོད་པའི་ཕ་མ་དང་ཡུལ་མི་དེ་དག་གི་ལས་དབང་དང་། འཚོ་གནས་སོགས་སྔོན་ཐོན་གྱི་མི་རིགས་གཞན་དག་གི་ཕ་མ་དང་ཡུལ་མི་དང་རྦད་དེ་སོ་སོར་ཡིན་པ་རེད། དེ་དག་ལ་ཅིས་ཀྱང་བསམ་གཞིག་གནང་དགོས། སོ་སོའི་ཕ་མ་དང་ཡུལ་མི་དག་གིས་ཁྱོད་ཚོར་ཡིད་ཆེས་བྱས་ཏེ་འཚོ་བའི་ཆ་རྐྱེན་བསྐྲུན་གྱིན་ཡོད་པ་རེད། ཁྱོད་ཚོས་དེ་དག་ལ་སློབ་སྦྱོང་དང་དཔེ་ཀློག་ནུས་ཀྱིན་ཡོད་ལ་ལ་ཞིག་བཤད་ནས། དེ་དག་མགོ་སྐོར་བཏང་ན་ཁྲེལ་མེད་རང་རེད། མཁས་པ་ཞིག་གིས་བཤད་པ་ལྟར། ཁྱོད་ཀྱིས་མི་ལ་མགོ་སྐོར་མ་གཏོང་རོགས། ཁྱོད་ཀྱིས་མགོ་སྐོར་གཏོང་ནུས་པའི་མི་དེ། ཁྱོད་རང་ཉིད་ལ་ཆེས་ཡིད་ཆེས་པའི་མི་དེ་ཡིན།
༣. མི་བུ་སྒེར་གྱི་རྩིས་ཐང་དང་མ་འོངས་པའི་མདུན་ལམ་གྱི་སླད་དུ།
དེ་དག་ཚང་མར་བསམ་བློ་གཏོང་མི་སྲིད་པའི་དབང་དུ་བཏང་ནའང་། ཁྱོད་རང་ཉིད་མི་བུ་སྒེར་གྱི་མི་ཚེའི་རྩིས་ཐང་དང་། མི་བུ་སྒེར་གྱི་མ་འོངས་པའི་མདུན་ལམ་ལ་ངེས་པར་བསམ་བློ་གཏོང་དགོས་པ་རེད། ངས་ཁྱོད་ཚོར་རྒྱུན་པར་བཤད་ཀྱིན་ཡོད་པ་ལྟར། སྔོན་ཆད་ཡིན་ན་ཡོན་ཏན་ཡོད་ན་རྒྱན་ལོས་ཡིན་མོད། མེད་ནའང་འཇིག་རྟེན་ནས་ཁ་གསོ་རྒྱབ་འགེབ་མི་ཐུབ་པ་དང་། མི་གྲལ་མི་ཆོད་པའི་ཚད་མ་རེད། དུས་རབས་འདིར་མཚོན་ན་ཡོན་ཏན་ཡོད་མེད་ནི་རང་ཉིད་ཀྱིས་མི་གྲལ་ཆོད་མིན་དང་། འཇིག་རྟེན་འདི་ནས་ཁ་གསོ་རྒྱབ་འགེབ་ནུས་མིན་གྱི་གནད་དོན་ལ་གྱུར་ཡོད་ལ། ལྷག་ཏུ་མ་འོངས་པར་དེ་ལྟར་ཡིན་ངེས། དེ་བས་ཅིས་ཀྱང་མི་བུ་རང་ཉིད་ཀྱི་མདུན་ལམ་དང་རྩིས་ཐང་ལ་བསམ་གཞིག་གཏོང་དགོས། འཇིག་རྟེན་འདིར་རང་ཉིད་ལ་རང་ཉིད་ཀྱིས་ཤ་མ་ཚ་ན་གཞན་ཞིག་ཡོད་མི་སྲིད་ལ། གལ་ཏེ་ཡོད་ནའང་རང་གཅུན་གྱི་བསམ་བློ་འདི་མེད་ན་ལེགས་ལམ་དུ་འགྲོ་མི་སྲིད།
མདོར་ན་ཆེ་ས་ནས་མི་རིགས་དང་རིག་གཞུང་ལའང་བསམ་གཞིག་བྱས་ནའང་ཆོག འབྲིང་ནས་ཕ་མ་དང་ཁྱིམ་མིའི་རེ་བཞག་ལ་བལྟས་ནའང་འདྲ། ཐ་ན་མི་བུ་སྒེར་གྱི་མདུན་ལམ་དང་འཚོ་གནས་ལ་བསམ་ནའང་འདྲ་སྟེ། ཚང་མ་གནད་གཅིག་གི་སྟེང་དུ་བབས་ནས་ཡོད་དེ། དེ་ནི་དཔེ་ཀློག་མང་དུ་བྱས་ནས་རང་ཉིད་ཤེས་ལྡན་གྱི་མི་སྣ་ཞིག་བྱེད་རྒྱུ་དེ་རེད། འདིའི་སྟེང་ནས་གནད་ཀུན་འདུས་ནས་ཡོད།
གསུམ། དཔེ་ཆ་ལ་ལྟ་སྐབས་ཉམས་འཇོག་དགོས་ས་གང་དག་ཡིན།
༡. དཔེ་ཆར་ལྟ་ཚུལ་ལ་གསུམ་ཡོད། ཞིབ་ལྟ། བསྐྱར་ལྟ། རགས་ལྟ། དཔེ་ཆ་ཡག་པོ་དག་ངེས་པར་ཞིབ་ལྟ་ཐེངས་གཅིག་བྱེད་དགོས་པར་མ་ཟད། བསྐྱར་ལྟ་མང་དུ་བྱེད་དགོས།
༢. ཐོག་མར་དེབ་ཀྱི་ཁ་བྱང་དང་རྩོམ་པ་པོ་སུ་ཡིན་ངེས་པར་བློ་ལ་འཛིན་དགོས་ལ། རྩོམ་པ་པོའི་ལོ་རྒྱུས་རགས་རིམ་ཞིག་མ་མཐའ་ངེས་དགོས།
༣. དཔེ་ཆར་ལྟ་སྐབས་དེས་ཅི་ཞིག་བཤད་འདུག་ལྟ་བ་ཙམ་མིན་པར། རང་གི་ཤེས་པས་ལྕོགས་ཚོད་ཀྱིས་དེ་ལ་དཔྱད་པ་གཏོང་ཞིང་། ཕྱིར་རྟོགས་དང་འདྲི་རྟགས་མང་དུ་འགོད་དགོས།
༤. དཔེ་ཆ་དེར་དངོས་སུ་བྲིས་མེད་ཀྱང་དཔེ་ཆ་དེ་ལ་བརྟེན་ནས་གོ་བ་མི་འདྲ་བ་རང་ཉིད་ཀྱིས་རྙེད་པ་དང་། གཞུང་གི་སྤྱིའི་གོ་བ་གཞི་གཅིག་ཏུ་བསྡུས་པ་སོགས་ཟིན་བྲིས་སུ་འདེབས་དགོས།དཔེ་ཆར་ལྟ་སྐབས་ཟིན་བྲིས་འདེབས་པ་ཧ་ཅང་གལ་ཆེ།
༥. དཔེ་ཆ་རང་ཉིད་ཀྱི་ནང་གི་གནད་ཚིག་དང་། དོན་དག་ཆེན་པོའི་རིགས་དག་ལ་རྟགས་རྒྱག་དགོས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།