རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 2 October 2021

བཅོས་མིན་ཡིད་ཀྱི་གསོལ་འདེབས།

འཇིགས་མེད་རྣམ་རྒྱལ།(རོང་ཕྲུག) སྔ་འགྱུར་མཐོ་སློབ་ཆེན་མོ།

གཞི་ལ་གཞི་སྣང་ཤར་བའི་དུས་དེ་རུ།།
འཁྲུལ་བའི་དབང་གིས་རང་སྣང་མ་ཤེས་ཏེ།།
ཁམས་གསུམ་སྲིད་པ་འདི་ན་འཛད་མེད་དུ།།
སྐྱེ་འཆི་བུམ་ནང་སྦྲང་འབུ་བཞིན་དུ་འཁོར།།
སྐྱེ་འཆི་མེད་པའི་དབྱིངས་སུ་འཐིམ་པར་ཤོག།

རང་སེམས་ངོ་བོ་གསལ་བའི་མཁའ་དབྱིངས་སུ།།
ལས་ངན་བག་ཆགས་ཆུ་རླངས་འཕྱུར་བ་ལས།།
གློ་བུར་རྣམ་རྟོག་སྒྲིབ་པའི་སྤྲིན་ནག་འཁྲིགས།།
སྨག་རུམ་དེ་ཡིས་རང་ངོ་ཤེས་པར་གཡོགས།།
བདེན་མེད་ཤེས་པའི་བློ་ཡིས་བསལ་བར་ཤོག།

གཟུགས་ནས་རྣམ་མཁྱེན་འདུས་པའི་ཆོས་ཀུན་ལ།།
བདེན་འཛིན་མཚན་འཛིན་གཉིས་འཛིན་ཞེན་པ་སྐྱེས།།
དེ་ཡིས་ངང་ལས་ཁམས་གསུམ་སྲིད་པ་འདིར།།
ཟོ་ཆུན་འཁྱུད་མོ་བཞིན་དུ་འཁོར་བར་བྱེད།།
འཁོར་བའི་ཕྲེང་ཐག་མྱུར་དུ་ཆད་པར་ཤོག།

ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་བར།།
དེ་སྲིད་འཁོར་བའི་ཆོས་རྣམས་བདེན་པར་སྣང་།།
དཀའ་སྡུག་སྣ་ཚོགས་གཟུགས་བརྙན་ཇི་བཞིན་དུ།།
རང་གི་རྗེས་སུ་འབྲངས་ཤིང་རྟག་ཏུ་གཙེས།།
འཁྲུལ་པར་ཤེས་ཏེ་གཟུང་འཛིན་ཞི་བར་ཤོག།

མི་གཙང་སོ་དྲུག་སོགས་ཀྱི་ཆོལ་ཟངས་ལ།།
ཇི་ཙམ་སྦགས་པར་བསྒོམས་ཀྱང་ཐོག་མེད་ཀྱི།།
གོམས་པ་སྟུག་པོས་གཙང་མར་སྣང་བའི་ཚེ།།
བག་ཆགས་འཇོག་སྣོད་ཀུན་གཞི་རྣམ་ཤེས་ཉིད།།
སྟོང་པར་གྱུར་ཏེ་གཙང་གཙོག་མིང་མེད་ཤོག།

བདེན་པར་མེད་པའི་ཆོས་ལ་བདེན་པ་དང་།།
སྡུག་བསྔལ་ཉིད་ལ་བདེ་བར་རློམ་པ་ཉིད།།
མི་རྟག་ཆོས་རྣམས་རྟག་པའི་ངོ་བོར་འཆར།།
མི་གཙང་གཙང་མའི་རྣམ་པར་འཛིན་པ་ཀུན།།
དེ་རིང་ཉིད་ནས་རང་འཚང་མཐོང་བར་ཤོག།

མཁས་དབང་རྣམས་དང་དགེ་བའི་བཤེས་གཉེན་གྱི།།
མཛད་ཕྲིན་བསམ་གྱིས་མི་ཁྱབ་དེ་དག་ལ།།
རྨོངས་པའི་དབང་ལས་མ་ཤེས་མ་གུས་པ།།
བག་མ་མཆིས་པས་སྐྱོན་དུ་སྣང་བ་ཀུན།།
ཅི་མཛད་ཡོན་ཏན་ཉིད་དུ་མཐོང་བར་ཤོག།

མཐའ་བཞི་འཛིན་པའི་ཞེན་པ་ཞིག་གྱུར་ནས།།
སྟོང་པའི་ངང་ལས་སྣང་ཙམ་ཆོས་དེ་ལ།།
རྟེན་འབྲེལ་ཉིད་དུ་ལས་འབྲས་མི་འཆོལ་བར།།
བླང་འདོར་གནས་ལ་ཡིད་ཆེས་གཏིང་ཟབ་མོས།།
ཕྱིར་མི་ལྡོག་པའི་ངེས་ཤེས་སྐྱེ་བར་ཤོག།

གཏན་གྱི་བདེ་བ་དབེན་པའི་འཁོར་བ་འདིར།།
སྣང་སྲིད་དག་མཉམ་ཆེན་མོ་མ་བརྟོགས་ཀྱང་།།
དུག་སྦྲུལ་ཚང་དང་མེ་འོབས་རོ་མྱག་འདམ།།
མཐོང་སྟེ་ངེས་པར་འབྱུང་བའི་བཅོས་མིན་སེམས།།
དཀའ་ཚེགས་མེད་པར་མྱུར་དུ་སྐྱེ་བར་ཤོག།

སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང་།།
དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྙེད་དེ།།
ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི།།
ཞབས་ཏོག་ངམ་ངམ་ཤུགས་ཀྱིས་གྲུབ་འགྱུར་ནས།།
མཐར་ཐུག་ཚོམ་བུ་གཅིག་ཏུ་འཚང་རྒྱ་ཤོག།

༢༠༢༡/༩/༡༢ སྔ་དྲོ་རང་མལ་ནས་རྣམ་རྟོག་གི་ཡིག་རྙོག་སོར་རྩེ་ལས་ཉིལ་བར་བྱས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།