རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 10 October 2021

ཤེས་རབ་རྒྱལ་མཚན་གྱི་སྙན་རྩོམ་ཆེད་བསྒྲིགས།

⊰ ཉིན་ཐོ་ནི་ཅི་ཞིག་རེད། 
རེག་ཟིག ~ ཟིན་ཐོ།

དབྱངས་དང་གསལ་བྱེད་གཉིས་ཀྱི་རྩིག་པ་བརྩིགས་པའི།།
ཉིན་ཐོའི་ཕ་མཁར་མཐོན་པོའི་ནང་ལོགས་བསྔོགས་ནས།།
འདི་ཕྱིའི་འཕྲལ་ཕུགས་ཀུན་ནས་ཀུན་ཏུ་ཕན་པའི།།
སྔོན་བྱོན་མཁས་གྲུབ་དུ་མའི་གླེགས་བམ་མཇལ་བྱུང་།།

ཉིན་ཐོ་འབྲི་བའི་ཡ་རབས་གོམ་གཤིས་མེད་ན།།
བྱུང་རབས་ལོ་རྒྱུས་དེབ་ཐེར་མེ་ལོང་ནང་གི།
མེས་པོ་དམ་པའི་ཤེས་རབ་སྙིང་སྟོབས་འདི་ཀོ།
བུ་ཚ་ང་ཚོས་ད་ལྟ་ཇི་ལྟར་རིག་ཐུབ།།

རྒྱལ་བ་ཤཱཀྱ་ཐུབ་པའི་གསུང་རབ་མན་ཆད།།
ཐ་ཤལ་ང་འདྲས་བྲིས་པའི་ཡིག་ཉོག་ཡན་ཆད།།
ཀུན་ཀྱང་ཉིན་ཐོའི་ནང་དུ་ཐིམ་ནས་ཡོད་པས།།
ད་གཟོད་མྱོང་རོལ་བྱ་རྒྱུའི་སྐལ་བ་ལྡན་སོང་།།

ལོ་རྒྱུས་དེབ་ཐེར་བགྲང་ཡས་གཟའ་སྐར་དབུས་ནས།།
ཉི་མ་ཟླ་བའི་འོད་བཞིན་ལྷག་ཏུ་འཚེར་བའི།།
ལོ་རྒྱུས་བདེན་རྫུན་འབྱེད་པའི་ཐིག་ཤིང་འདྲོང་ཤོས།།
གཟུར་གནས་མཁས་པ་ཀུན་ཀྱི་ཚད་གཞི་འཛིན་ས།།

མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས།།
རི་བོ་ཧི་མཱ་ལ་ཡའི་ལ་ལུང་བརྒལ་ཏེ།།
ས་མཐའི་རྒྱལ་ཁམས་ཕྲ་ཞིབ་རིག་པས་བསྐོར་བའི།།
གཏམ་རྒྱུད་གསེར་གྱི་ཐང་མ་ཡུལ་སྐོར་ཟིན་ཐོ།།(ཉིན་ཐོ།)

ཆགས་འཇིག་དར་རྒུད་རྒོད་པའི་ལོ་རྒྱུས་ཀྱག་ཀྱོག།
ཚམ་ཚོམ་མུན་པ་འཐིབས་པའི་ནག་ཁུང་ནང་ནས།།
གནའ་བོའི་ཡིག་ཚང་མཇལ་བའི་གློག་ཞུ་གསལ་པོ།།
ཐང་སན་བླ་མའི་ལམ་ཡིག་ཡུལ་སྐོར་ཟིན་ཐོ།།

ཡར་ཐོན་རྒྱལ་ཁབ་ཅན་གྱི་ཕྱི་གླིང་མི་རྣམས།།
ལག་ན་དེབ་དང་སྨྱུ་གུ་འབྲལ་མེད་ཡིན་ཞིང་།།
མཐོང་ཐོས་མྱོང་གསུམ་འགོད་པའི་ཉིན་ཐོ་འབྲི་སྲོལ།།
ཁོང་ཚོའི་འཚོ་བའི་ཁྲོད་ཀྱི་རྒྱུན་ལྡན་ལས་ཀ།

ད་ལྟ་ཧོབ་དེ་ཁ་ལ་བསམ་བློ་བཏང་ན།།
ཉིན་ཐོའི་དགོས་པ་ཆེན་པོ་མཐོང་བར་དཀའ་ཡང་།།
མ་འོངས་ག་ས་གང་དུ་འགྲིམ་པའི་ཚེ་ན།།
ཅི་ཞིག་ཡིན་མིན་ངེས་ཤེས་ངང་གིས་འདྲོང་འོང་།།

གང་ནས་གང་དུ་འཁྱམས་རུང་ཡུལ་ལུང་དེ་གའི།།
ཐུན་མོང་ཐུན་མིན་རིག་གཞུང་གོམ་སྲོལ་གཤིས་ཀ།
མཐོང་ཐོས་མྱོང་བའི་ཡུལ་དུ་གང་གང་གྱུར་པ།།
ཡི་གེ་གཟུགས་སུ་ཕེབ་པའི་མ་ལག་རྩ་ཆེན།།

དཔྱད་རྩོམ་སྙན་རྩོམ་སྒྲུང་རྩོམ་གང་ཞིག་ཡིན་རུང་།།
རྩོམ་ལུས་ཀུན་ཀྱི་ཐོག་མའི་རྨང་གཞི་བརྟན་པོ།།
ནམ་ཞག་རྒྱུན་ལྡན་ཉིན་ཐོ་བྲིས་ནས་བཏིང་བ།།
མཁས་པའི་ཉམས་མྱོང་དག་ལ་བལྟས་པས་ཆོག་གོ།

ལ་ལས་ཁྱོད་ལ་དུས་ཚོད་ཆུད་ཟོས་ཟེར་འོང་།།
ལ་ལས་ཁྱོད་ལ་དུས་ཚོད་མི་འཁྱོངས་ཟེར་འོང་།།
རང་གི་ཕུགས་མདུན་རང་གི་སེམས་ན་ཡོད་པས།།
གཞན་གྱི་ཁ་ལ་མོ་ལུང་ཞུ་དོན་མི་འདུག།

གང་ལྟར་གང་ཞིག་ཟེར་ནའང་ཟེར་དུ་ཆུག་ཤོག།
གོམ་པ་གང་དོ་ཙམ་ཡང་ཕྱིར་ནུད་མ་བྱེད།།
ཆོད་སེམས་དམ་བཅའི་འདུན་པ་བརྟན་པོ་ཆོངས་ལ།།
མདུན་ནས་མདུན་དུ་སྐྱོད་པའི་དབུགས་ཐག་མ་སྟུངས།།

༢༠༢༡/༠༨/༢༠ ཉིན།


⊰ རྒྱལ་ཁ་ཐོབ་པའི་ལྗོངས་རྒྱུ། 

ཟླ་གཅིག་ཟླ་གཉིས་ཙམ་ཞིག་ག་ལ་ག་ལ།།
ཞག་གཅིག་ཞག་གཉིས་དེ་བས་ཚད་རྒྱུ་འདི་རྒྱུ།།
ལོ་ནས་ལོ་མཐུད་དངངས་སྐྲག་དོགས་པའི་ཀློང་ནས།།
མུན་པའི་ཕྲང་ལམ་དོག་པོ་རྡོག་པས་བརྒལ་སོང་།།

མདང་དགོང་མུན་པ་སྟུག་པའི་ས་སྲོད་ནང་དུ།།
ཆར་སྨག་དྲག་རླུང་འཚུབ་མ་འུར་གྱིས་འཚུབས་ཀྱང་།།
དེ་རིང་སྐྱིད་པའི་ལྗོངས་རྒྱུའི་ཉི་མ་འདི་ལ།།
འོད་སྣང་དྲོད་ཁོལ་སྔར་ལས་ལྷག་ཏུ་ཆེ་བྱུང་།།

དམར་སེར་ངུར་སྨིག་མདངས་ཀྱི་མཛེས་པ་ངོམ་དུས།།
ནམ་ཟླ་དབྱར་ཀའི་ཆར་སྤྲིན་སྨུག་པོ་ཡིན་ཡང་།།
ལམ་སང་ནམ་མཁའི་མཐའ་ནས་མཐའ་ལ་གྱེས་ཏེ།།
དེ་རིང་ཉི་མའི་འོད་ལ་ལམ་ཁ་ཕྱེ་སོང་།།

རིན་ཆེན་གསེར་ཐག་བརྐྱངས་འདྲའི་སེར་བང་རིང་མོ།།
ལྷོ་ནས་བྱང་གི་ཕྱོགས་ལ་ནར་སེར་བསྐྱོད་དུས།།
གསེར་མདོག་ཉི་མའི་འོད་ཀྱི་མཛུམ་ཞལ་དྲོན་མོ།།
འདུས་སྡེ་ང་ཚོའི་མིག་ལ་ཅི་འདྲའི་མཛེས་པ།།

༠༦/༡༠/༢༠༢༡


⊰ གོམ་སྣེ་ཕྱི་ལ་བསྒྱུར་པའི་ཉིན་ཐོ་དང་པོ། ⊱

གོམ་སྣེ་ཕྱི་ལ་མ་བསྒྱུར་མ་བསྒྱུར་ནས།།
ལོ་ངོ་གཉིས་ལ་ཉེ་བའི་དེ་རིང་ནི།།
སེམས་པ་གྲོགས་ལ་དཀར་བའི་ཁྱེད་རྣམས་དང་།།
དགའ་དགའ་སྤྲོ་སྤྲོས་རྡོག་སྣེ་ཕྱི་ལ་བསྒྱུར།།

གཅིག་འགྱུར་གཉིས་འགྱུར་ཡོད་ཚད་འགྱུར་ས་ན།།
མ་འགྱུར་མི་འགྱུར་འགྱུར་བ་མེད་པའི་གྲོགས།།
མཛའ་བརྩེ་ཕྱི་ཐག་ཆུ་ལས་རིང་ཡང་རིང་།།
འབྱོར་རུང་རྒུད་རུང་འགྱུར་བ་མ་མཆིས་སོ།།

ཁྲ་ཁྲ་ཟིང་ཟིང་ཡོད་དགུ་འཛོམས་སའི་སྡེ།།
ཀུ་ཤལ་གྲོང་ཁྱེར་ཁྲོམ་རའི་སྲང་ལམ་ཉུལ།།
སྔོན་མའི་ངོ་ཤེས་ཚོང་ཤག་ཙམ་མིན་པར།།
ཚང་མས་སྔར་ལས་ལྷག་པའི་དགའ་སྣང་སྟོན།།

མ་ཐུག་ལོ་ཟླའི་ཕྲེང་བ་རིང་སོང་ཟེར།།
ད་རེས་ཁྱེད་ཅག་ཐུག་པ་དགའ་སོང་ཟེར།།
ད་ནས་སྔར་བཞིན་ཕྱི་བདེ་ནང་བདེའི་ངང་།།
ཕྱི་ནང་འགྲོ་འོང་ཡག་པོ་ཡོང་ངེས་ཟེར།།

ཚུལ་དེར་ཡང་ཡང་བསམས་ཤིང་བསམས་པ་ན།།
ཆོས་སྡེ་ཆེན་མོ་འདི་ཡི་བཀའ་དྲིན་ནི།།
སྲིད་གསུམ་ལེགས་བྱས་མ་ལུས་གཅིག་བསྡུས་ཀྱིས།།
བསྐལ་པ་བསྐལ་པར་གཞལ་ཡང་འཁོར་ཐབས་བྲལ།།

༡༦/༡༠/༢༠༢༡

ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།