རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 25 October 2021

གནས་མཆོག་ལ་ཕྱི་གངས་རར་བསྟོད་པ་དད་ལྡན་གནས་མཇལ་ལ་བསྐུལ་བ་ཞེས་བྱ་བ་བཞུགས་སོ།།

འབྲི་གུང་སྤྲོ་ཚེས་བརྩམས།


སྲིད་པའི་བྲག་རི་དགུང་སྔོན་དབྱིངས་སུ་ཟུག།
ཆད་མེད་ཆུ་ཆེན་གཡས་གཡོན་གཉིས་ནས་བཞུར།།
རྐང་འཐུང་སྣ་ཚོགས་འདབས་ནས་རྒྱས་ཤིང་སྟུག།
རང་བཞིན་ལྷུན་གྱིས་གྲུབ་པའི་གནས་འདི་མཛེས།།

གཡུ་ཐོག་ལྷ་རྗེའི་ཕུག་པ་བརྗིད་ཅིང་རྔམ།། 
མི་ལའི་བདུད་འདུལ་ཕུག་པ་ཟབ་ཅིང་འཇམ།། 
ཟེ་ཕུག་སྦས་ཕུག་ལུང་བསྟན་ཕུག་སོགས་པའི།། 
ཏིང་འཛིན་རོལ་པའི་ཕུག་མང་བྱིན་རླབས་ཆེ།།

ཆུ་གཉིས་འདྲེས་པའི་ཤིང་རྟའི་དབྱིབས་ཀྱི་དབུས།། 
ལུང་གསུམ་འདུས་པའི་སྣེ་མོ་ཟུར་གསུམ་སྟེང་།། 
གྲུ་བཞི་ཤོ་འདྲའི་དགོན་པ་ངོ་མཚར་ཅན།།
ཆོས་ར་དགེ་འཕེལ་གླིང་འདི་ཉམས་རེ་དགའ།། 

གཟུགས་ཅན་མི་ལའི་ཞབས་བརྗིད་གནས་འདིར་གསལ།།  
གཟུགས་མེད་ལྷ་མོའི་ཞབས་རྗེས་གནས་འདིར་སྣང་།།  
ལས་དག་གཡག་གི་ཞབས་རྗེས་གནས་འདིར་བཞུགས།། 
ངོ་མཚར་ཞབས་རྗེས་སྣེ་འཛོམས་གནས་འདི་རྨད།། 

རང་བྱུང་མེ་ཏོག་སྣ་བརྒྱ་འདི་ན་བཞད།། 
རང་བྱུང་དྲི་བསུང་ངད་པ་འདི་ན་ལྡང་།།  
རང་བྱུང་མཁའ་རླུང་གཙང་མ་འདི་ན་འདུག། 
གནས་མཆོག་ལ་ཕྱི་གངས་ར་ཨེ་མ་རྨད།། 

ཕུ་ན་གངས་དཀར་རི་བོ་བརྗིད་ཅིང་དཀར།།  
མདའ་ན་ནགས་རི་སྟུག་པོ་གཡུ་ཡི་མདོག།  
བར་ན་བྲག་རི་སྣ་ཚོགས་མཁའ་ལ་བསྙེགས།། 
ཕུན་ཚོགས་རི་བོས་མཛེས་པའི་ལ་ཕྱི་གངས།།

སྔོན་དུས་མི་ལ་རས་པས་འདྲེ་ཚོགས་བཏུལ།།  
བར་དུ་འབྲི་སྒོམ་ལྔ་ཁྲི་ལྔ་སྟོང་བཞུགས།།  
དེང་དུས་ཡང་དར་བསྟན་པའི་མེ་གསོ་བའི།། 
སྒྲུབ་བརྒྱུད་བསྟན་པའི་སྒྲུབ་གནས་ངོ་མཚར་ཆེ།།

དབྱར་དུས་བཙུན་མོས་དར་གོས་བསྣབས་པ་བཞིན།།
ས་གཞི་ཐམས་ཅད་མེ་ཏོག་གླིང་དུ་གྱུར།། 
སྟོན་དུས་དགེ་སློང་ཆོས་གོས་བཞེས་པ་བཞིན།།
ས་གཞི་ཐམས་ཅད་གསེར་མདོག་ལྷང་ངེར་གྱུར།།   

དགུན་དུས་མི་ལས་རས་དཀར་གསོལ་བ་བཞིན།།  
ས་གཞི་ཐམས་ཅད་ཁ་བའི་འོག་ན་མནལ།།  
དཔྱིད་དུས་དམག་དཔོན་གོ་ཁྲབ་གྱོན་པ་བཞིན།།
ས་གཞི་ཐམས་ཅད་གོ་ཁྲབ་མདོག་སུ་སྣང་།།

༡༠
ལུས་ཀྱི་ནད་སེལ་སྔོ་སྨན་གནས་འདིར་འཁྲུངས།།  
སེམས་ཀྱི་ནད་སེལ་དམ་ཆོས་གནས་འདིར་དར།།
ལུས་བདེ་སེམས་སྐྱིད་འབྱུང་བའི་གནས་མཆོག་ཆེ།།
ལ་ཕྱི་གངས་རའི་ངོ་མཚར་བརྗོད་ལས་འདས།། 

༡༡
དྭངས་གཙང་ཆུ་མོ་འོ་མ་ལས་ཀྱང་ཞིམ།། 
སྣ་ཚོགས་ཚོད་མ་མ་བཏབ་རང་བྱུང་འཁྲུངས།།  
རང་བཞིན་ལྷུན་གྲུབ་ལ་ཕྱི་གངས་ཀྱི་ར།།  
སྐལ་ལྡན་སྐྱེས་བུའི་དོན་གཉིས་སྒྲུབ་པའི་གནས།།  

༡༢
བག་ཕེབས་རི་དྭགས་སྣ་ཚོགས་གནས་འདིར་རྒྱུ།།  
བྱ་དང་བྱེའུའི་གསུང་དབྱངས་གླིང་བུ་བཞིན།།
གདུག་པའི་སེམས་ཅན་འཚེ་བ་འདི་ན་བྲལ།།  
བག་ཕེབས་ཞི་བདེའི་གནས་འདི་སུམ་རྩེན་བཞིན།། 

༡༣
མི་ཚེ་བློས་བཏང་བྱ་བྲལ་སྒོམ་ཆེན་ཀུན།།  
འདོད་ཆུང་ཆོག་ཤེས་རིམ་གཉིས་སྒྲུབ་ལ་བྲེལ།།  
མཇལ་ན་མི་ལ་རས་པ་གཉིས་པ་བཞིན།།  
སྐྱེས་བུ་དམ་པའི་རང་གཤིས་གསལ་བར་མངོན།། 

༡༤
གོང་མའི་བསམ་གཏན་ཁང་བུ་ཉམས་དགའི་ནང་།།  
མཐུན་བཞིའི་ཉམས་ལེན་བདེ་བས་འཚོ་བཞིན་དུ།།  
གོང་མའི་བྱིན་རླབས་གྲུ་ཆར་ཟིལ་མ་ཡིས།།  
རྟོགས་པའི་ཡོན་ཏན་རྩི་ཤིང་རྒྱས་བཞིན་མཆིས།།  

༡༥
ཚེ་འདི་མི་རྟགས་གཟིགས་པའི་བྱིན་རླབས་ཀྱིས།།
ཟང་ཟིང་བདུད་ཀྱི་ཀ་ཅར་ཞེན་པ་ཆུང་།།
མི་མེད་དབེན་པའི་གནས་སུ་སླེབས་པ་བཞིན།། 
བསམ་གཏན་ཁང་དྲུང་རྩྭ་དང་རྩི་ཤིང་རྒྱས།།

༡༦
གསར་བུའི་སྒྲུབ་པོ་སྔོན་འགྲོ་སྒྲུབ་ལ་ཞོལ།།  
འགའ་ཞིག་ཡི་དམ་ལྷ་ཡི་བསྙེན་པར་འབད།།  
འགའ་ཞིག་ལོ་གསུམ་འདག་སྦྱར་དམ་པོར་བཞུགས།།  
འགའ་ཞིག་དུས་ཀུན་ཕྱག་རྒྱ་ཆེན་པོར་རོལ།།  

༡༧
གནས་འདིར་སླེབས་ན་མི་ལའི་ཡོན་ཏན་དྲན།།  
གནས་འདིར་བསྡད་ན་མི་ལའི་བྱིན་རླབས་ཐོབ།།  
གནས་འདི་བསྟེན་ན་རྟོགས་པའི་ཡོན་ཏན་རྒྱས།།
གནས་འདི་སྒྲུབ་བརྒྱུད་དམ་པའི་ཕ་ས་ལགས།།

༡༨
གོ་ད་ཝ་རི་སྣ་བ་གཡོན་པའི་གནས།། 
ལ་ཕྱི་གངས་ར་བདེ་མཆོག་ཕོ་བྲང་ཆེ།།
མ་ཚོགས་མཁའ་འགྲོ་སྤྲིན་ལྟར་འཐིབས་པའི་ས།།
མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་གནས་རྨད།།

༡༩
སྒྲུབ་པའི་མཐུན་རྐྱེན་ཆུ་ཤིང་འཛོམས་པའི་ས།། 
སྒྲུབ་པའི་བར་ཆད་འདུ་འཛི་བྲལ་བའི་གནས།།  
སྒྲུབ་བརྒྱུད་སྐྱེས་བུ་དམ་པས་བྱིན་རླབས་པའི།། 
གནས་གསུམ་ཡ་གྱལ་ལ་ཕྱི་གངས་ཀྱི་ར།།

༢༠
དཔའ་བོ་དགྲ་ལྷ་དཔའ་མོ་བློ་གྲོས་མའི།།
གནས་ཡུལ་གྱུར་པ་གོ་ད་ཝ་རི་ཞེས།། 
སྙན་པའི་གྲགས་པ་འཛིན་མའི་ཁྱོན་འབར་བའི།། 
ཉེར་བཞིའི་ཡུལ་གྱི་ཡ་གྱལ་འདི་ཉིད་རྨད།། 

༢༡
བལ་ལུ་སྤ་མ་སྤང་སྤོས་ལ་སོགས་པའི།། 
རང་བྱུང་སྤོས་ཀྱི་དྲི་ངད་གནས་འདིར་ལྡང་།།  
སྣ་ཚོགས་ཤ་མོ་འབེལ་ཅིང་བྲོ་བ་ཞིམ།། 
ཉམས་དགའི་གནས་མཆོག་ལ་ཕྱི་གངས་ཀྱི་ར།།

༢༢
ཟིམ་ཟིམ་ཆར་གྱི་བདུད་རྩི་མཁའ་ལས་འཕྱོ།།  
འབྲུག་སྒྲ་གློག་དང་ཐོག་སེར་མིག་རྣར་དབེན།།  
འཇའ་ཚོན་ཕྲེང་བའི་དྲ་བས་སྦྲེལ་བའི་དབུས།།  
འཁོར་ལོ་སྡོམ་པའི་ཕོ་བྲང་བརྗིད་རེ་ཆགས།།

༢༣
ཆོས་སྐུ་སྐྱེ་མེད་སྟོང་གསལ་མཁའ་དབྱིངས་སུ།།
ལོངས་སྐུ་མ་འགག་རང་ཤར་འཁོར་ལོ་སྡོམ།།
སྤྲུལ་སྐུའི་ཕོ་བྲང་དཀྱིལ་འཁོར་ནང་བཞུགས་པའི།། 
ལ་ཕྱི་དཔལ་གྱི་རི་བོ་ཨེ་མ་རྨད།།  

༢༤
ཉེར་བཞིའི་གནས་ཀྱི་ཡ་གྱལ་གོ་ད་ཝར།།
མར་པས་མི་ལར་ལུང་དུ་བསྟན་པའི་གནས།། 
ས་བཅུའི་མགོན་པོ་འབྲི་གུང་པ་དེ་ཡི།།  
འཕྲིན་ལས་ཕྱོགས་བཅུར་ཁྱབ་གནས་ལ་ཕྱི་གངས།།

༢༥
རྒྱལ་བ་འབྲི་གུང་པ་ཡི་གནས་གསུམ་ཞེས།། 
ཏི་སེ་ལ་ཕྱི་ཙ་རི་གངས་ཀྱི་ར།།  
སྐུ་གསུང་ཐུགས་ཀྱི་འཁོར་ལོའི་གནས་གསུམ་གྱི།།  
ཡ་གྱལ་གསུང་གི་གནས་མཆོག་ལ་ཕྱི་རྨད།།

༢༦
ཞོ་འཐུང་རུས་པ་གནམ་དུ་ཀེར་འདྲ་བའི།། 
སྲིད་པའི་བྲག་ལ་སྒྲུབ་པའི་ཕུག་པ་མང་།།  
ལས་ཅན་རྣམས་ལ་མཆོག་མཐུན་དངོས་གྲུབ་ཐོབ།།  
དམ་ཉམས་རྣམས་ཀྱི་ཚེ་སྲོག་ཚོགས་སུ་རོལ།།

༢༧
མཐོན་མཐིང་ནམ་མཁའི་དབྱིངས་ལ་ཟུག་པ་ཡི།། 
བྲག་རི་གཡང་གཟར་ཅན་གྱི་མགུལ་དག་ཏུ།། 
རང་བཞིན་ལྷུན་གྲུབ་སྒྲུབ་ཆུ་རང་བྱུང་ཅན།།  
གྲུབ་བརྒྱའི་གཙུག་རྒྱན་མི་ལའི་ཟེ་ཕུག་རྨད།། 

༢༨
འོད་གསལ་ཟེ་བ་ཕུག་གི་གཡོན་ངོས་སུ།། 
མི་ལ་རྗེ་དང་མཁའ་འགྲོ་ཚེ་རིང་མའི།།  
ཞབས་ཀྱི་རེ་ཁ་རྡོ་ལ་བཀོད་པའི་རྗེས།།  
ཆུ་བུར་མིག་ངོར་ལྷང་ངེར་གསལ་འདི་མཚར།།  

༢༩
རས་ཆེན་མཁའ་སྤྱོད་སྒྲུབ་པའི་ཕུག་པའི་ལྡེབ།།  
རས་ཆེན་མི་ལའི་ཞབས་རྗེས་ངོ་མཚར་ཅན།། 
རས་པ་ཀུན་གྱི་སྒྲུབ་མཆོད་ཞལ་ཡས་ཁང་།། 
རས་ཆེན་སྒྲུབ་ཕུག་བྱིན་ཅན་འདི་ཉིད་རྨད།། 

༣༠
དབྱར་དུས་དར་དཀར་ཐུར་དུ་འཕྱང་འདྲ་བའི།།  
བྲག་རིའི་ངོས་ལ་འབབ་ཆུ་བསམ་ལས་འདས།། 
དགུན་དུས་གྲང་ལྷག་ངར་ཁ་བཙན་ན་ཡང་།།  
ནམ་ཡང་ཆད་མེད་སྦས་ཕུག་ལྷ་ཆུ་མཛེས།། 

༣༡
འདྲེ་ལུང་སྐྱོར་མོ་ལྷ་ལུང་བསྒྱུར་བའི་རྗེས།། 
ཁ་བ་ཉིན་མཚན་བཅོ་བརྒྱད་འབབས་པའི་དུས།།  
ཟླ་དྲུག་ཕྱག་ཆེན་རོལ་ནས་བཞུགས་པའི་གནས།།  
བདུད་འདུལ་ཕུག་མོ་ཆེ་དེ་ཨེ་མ་རྨད།།  

༣༢
ཤུགས་དྲག་བཞུར་བའི་ཆུ་བོའི་གཡས་འགྲམ་དུ།། 
གཏུམ་དྲག་གཉན་པའི་སྒྲུབ་ཕུག་ངོ་མཚར་ཅན།། 
དར་དྲག་སྐྱེས་བུ་དམ་པ་བཞུགས་པའི་གནས།།
ཞེ་དྲག་རྩ་བ་ཆེ་བའི་ལུང་བསྟན་ཕུག། 

༣༣
སྔར་འདས་བྱ་བཏང་རི་ཡི་བུ་རྣམས་ཀྱི།།  
གནས་འདིར་མི་ཚེའི་སྙིང་པོ་སྒྲུབ་པའི་ཤུལ།།  
བྱིན་ཆེན་ཕུག་པ་སྣ་མང་གིས་ཁེངས་པའི།།  
སྒྲུབ་པའི་གནས་མཆོག་ལ་ཕྱི་གངས་ར་རྨད།།

༣༤
མི་ལ་རྗེ་དང་བཀའ་བརྒྱུད་གོང་མ་ཚོའི།། 
བྱང་ཆུབ་སྒྲུབ་གནས་འདི་ཉིད་མཇལ་བ་ན།། 
སྔར་མེད་ཡིད་ལ་དགའ་དད་འཕེལ་བ་དང་།།  
རང་རྒྱུད་འདི་ཡང་འཇམ་པོར་འགྱུར་བར་ངེས།།  

༣༥
དལ་འབྱོར་ལན་གཅིག་ཙམ་འདི་ཐོབ་པ་འདི།།  
རྩ་ཆེན་བསམ་ན་གནས་འདིར་ལན་གཅིག་ཕེབས།།  
བྱིན་ཆེན་བསམ་ན་གནས་འདིར་ལན་གཅིག་སྒོམས།།
མི་ཚེའི་སྙིང་པོའི་ནོར་མཆོག་ཐོབ་པར་ངེས།། 

༣༦
ཚེ་འདི་མི་རྟག་རླུང་ནང་མར་མེ་འདྲ།།  
མི་མཐུན་རྐྱེན་ངན་བསམ་པའི་ཡུལ་ལས་འདས།།  
ལུས་སེམས་སོ་སོར་མ་གྱེས་ཙམ་འདིའི་ནང་།།  
ལ་ཕྱི་གངས་ཀྱི་ར་བར་ལན་གཅིག་ཕེབས།།  

༣༧
རྩ་ཆེན་གནས་བཟང་འདི་འདྲའི་མཚན་ཐོས་པ།།  
སྔར་འདས་བསྐལ་མང་དགེ་ལ་སྤྱོད་པའི་དྲིན།།  
འདི་འདྲའི་དུས་བཟང་ཆུ་ཟོས་མ་བཏང་བར།།  
དགེ་བའི་ལས་ལ་སྤྱོད་པར་མྱུར་དུ་ཕེབས།།  

༣༨
འཁོར་བ་སྲིན་མོའི་གླིང་ལས་ཐར་འདོད་ན།།  
གནས་མཆོག་ལ་ཕྱི་རྟ་མཆོག་སྤྲིན་ཤུགས་ཅན།།  
བཞོན་པའི་བསམ་པ་ངེས་འབྱུང་སྐྱེས་བྱས་ནས།།  
ཕྱིར་བལྟས་མེད་པར་ཕེབས་ཤོག་གྲོགས་བཟང་ཚོ།།   

༣༩
ཡང་དག་དམ་པའི་ལམ་དུ་བཞུགས་འདོད་ན།།
ཕྱི་ནང་གཉིས་ཀྱི་དབྱེ་བ་འབྱེད་འདོད་ན།།
སྡོམ་པ་ཀུན་གྱི་རྩིག་རྨང་གདིང་འདོད་ན།།
སྐྱབས་སྡོམ་ཞུ་བར་ལ་ཕྱི་གངས་དུ་ཕེབས།།  

༤༠
མི་དགེའི་སྡིག་སྒྲིབ་ཡོངས་རྫོགས་བཀྲུ་འདོད་ན།།
སྟོབས་བཞིའི་འདག་ཕྱེས་ཉེས་ཚོགས་བཀྲུ་འདོད་ན།།
ལུས་སེམས་ཤེལ་བུམ་ལྟར་དུ་གཙང་འདོད་ན།།
རྡོར་སེམས་སྒོམ་དུ་ལ་ཕྱི་གངས་དུ་ཕེབས།།

༤༡
ཚོགས་གཉིས་ནོར་བདུན་བང་བ་འགེངས་འདོད་ན།།
བྲལ་འབྲས་རྣམ་སྨིན་ཡོན་ཏན་ཐོབ་འདོད་ན།།
དགེ་ལེགས་འབྱུང་བའི་རྒྱུ་བཟང་སྒྲུབ་འདོད་ན།།
མཎྜལ་འབུལ་དུ་ལ་ཕྱི་གངས་རར་ཕེབས།།

༤༢
འབྲལ་མེད་སྙིང་གི་དབུས་དང་སྤྱི་བོའི་གཙུག། 
ཆོས་སྐུའི་ངོ་བོར་བཞུགས་པའི་གཟི་བརྗིད་ཅན།།
བྱིན་རླབས་བདུད་རྩི་གནང་བའི་དྲིན་ཆེན་རྗེ།། 
ཀུན་འདུས་བླ་མ་སྙེན་ན་ལ་ཕྱིར་ཕེབས།།

༤༣
བྱང་ཆུབ་སེམས་ཀྱི་ཞིང་ས་ལ་ཕྱི་གངས།། 
བྱང་ཆུབ་སྤྱོད་པའི་སྒྲུབ་གནས་ལ་ཕྱི་གངས།།  
བྱང་ཆུབ་དམ་པའི་གོ་འཕང་འཚོལ་འདོད་རྣམས།། 
བྱང་སེམས་བསྐྱེད་ལ་ལ་ཕྱི་གངས་དུ་ཕེབས།། 

༤༤
འཁོར་ལོ་སྡོམ་པའི་ཕོ་བྲང་འདི་ན་མཆིས།།  
ཡི་དམ་ལྷ་ཡི་དཀྱིལ་འཁོར་འདི་ན་འདུག།  
མཆོག་ཐུན་དངོས་གྲུབ་འདོད་པའི་རྡོ་རྗེའི་སྤུན།།  
མ་འགྱངས་མྱུར་བར་ལ་ཕྱི་གངས་དུ་ཕེབས།། 

༤༥
ཡོན་ཏན་ལྔ་ལྡན་ངོ་བོ་ཐོབ་འདོད་ན།།  
ཆོས་སྐུ་སྐྱེ་མེད་རྒྱལ་ས་འཛིན་འདོད་ན།།  
ལོངས་སྐུ་འགག་མེད་དབྱིངས་ན་བཀྲ་འདོད་ན།།  
སྤྲུལ་པའི་སྐུ་རྣམས་ལ་ཕྱི་གངས་དུ་ཕེབས།།  

༤༦
ཆོས་ཀུན་གཤིས་བབ་རྗེན་པར་མཐོང་འདོད་ན།། 
བཟུང་འཛིན་སྤྲོས་པའི་མཐའ་ལས་འདས་འདོད་ན།།
འཁོར་འདས་ཕྱག་རྒྱ་ཆེན་པོར་རོལ་འདོད་ན།། 
ལ་འུར་ལ་འུར་ལ་ཕྱི་གངས་དུ་ཕེབས།།

༤༧
བྱང་ཆུབ་སེམས་མཆོག་ཡིད་བཞིན་ནོར་བུ་ཡིས།། 
ཁམས་གསུམ་འགྲོ་ལ་བདེ་སྐྱིད་བསྐྲུན་འདོད་ན།། 
ནམ་ཡང་འཛད་མེད་བསྔོ་བས་རྒྱས་གདབ་ཕྱིར།།  
དགེ་རྩ་བསྔོ་བར་ལ་ཕྱི་གངས་དུ་ཕེབས།།

༤༨
ཟང་ཟིང་འདུ་འཛིའི་བར་ཆད་འདི་ན་མེད།།  
ཐ་གཉིས་མ་ལྷུང་འཚོ་གོས་གནས་མལ་གསུམ།།  
རྩོལ་སྒྲུབ་མི་དགོས་ཤུགས་འབྱུང་ངོ་མཚར་ཅན།།  
རང་བཞིན་དག་པའི་གནས་འདིར་ཅིས་མི་བསྔགས།། 

༤༩
ལས་དང་ལས་ཀྱིས་འབྲེལ་བའི་བཤེས་གཉེན་དང་།།  
གཉེན་དང་ཉེ་བ་མཛའ་བའི་གྲོགས་རྣམས་ལ།།  
ཟང་ཟིང་ནོར་གྱིས་ལེགས་བསྐྱེད་མ་མཆིས་ཀྱང་།།  
ཆོས་སྐྱེས་པད་མ་དཀར་པོ་འདི་ཕུལ་ན།།

༥༠
ལ་ཕྱིའི་གནས་ཀྱི་ཡོན་ཏན་དྲན་བྱས་ཏེ།། 
མཐའ་མེད་འཁོར་བའི་སྡུག་བསྔལ་ཞི་བའི་ཆེད།། 
བློ་ཐག་རྦད་ཀྱིས་བཅད་ནས་གནས་བཟང་འདིར།།  
ཞབས་ཀྱི་རེ་ཁ་ཅིས་ཀྱང་འཇོག་པར་འཚལ།།

༥༡
འདི་བྲིས་དགེ་བས་མཐའ་ཡས་མ་རྒན་རྣམས།།
གནས་སྐབས་མཐོ་རིས་བདེ་ཐོབ་དགེར་སྤྱོད་ཅིང་།།
མཐར་ཐུག་མགོན་མེད་ཆོས་སྐུའི་རྒྱལ་ས་ཆེར།།
མྱུར་དུ་འབྱོར་བར་བསྔོ་བས་རྒྱས་བཏབ་བོ།།

༢༠༢༡/༠༩/༢༡ འབྲོག་ལ་ཕྱི་གངས་ཀྱི་ར་བའི་ཆོས་ར་དགེ་འཕེལ་གླིང་ནས་རྒྱལ་ཁམས་པ་སྤྲོ་ཚེས་སོ།།

འབྲི་གུ་སྤྲོ་ཚེ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།