གླུ་ཨ་ལ་ཐ་ལའི་དབྱངས་རྟ་འདིས། །
སྐྱབས་དྲིན་ཆེན་རྩ་བའི་བླ་མ་དང་། །
གྲོགས་སྣང་སྲིད་དགྲ་བླ་ཝེར་མ་འབོད། །
གནས་ལྷོ་བྲག་མཁར་ཆུའི་ཡང་དབེན་ན། །
ཕྱི་ཡུལ་སྣང་སྨུག་པ་དམ་དུམ་ཁྲོད། །
མ་འཁྱམས་མོ་བསམ་གཏན་ཆོས་སྒྲོན་ཞེས། །
སེམས་རྣམ་རྟོག་འཕྲོ་རྒོད་ཅན་ཞིག་ཡོད། །
སྐབས་རེ་འགའ་སྤྲོ་ལ་རེ་འགའ་སྐྱོ། །
སེམས་ལོས་སྤྲོ་ས་སྤྱོད་ཞིང་ཁམས་མཇལ། །
ཡང་ལོས་སྐྱོ་སེམས་རྒྱུད་རྒོད་ལ་ཤོར། །
ཡིད་དགའ་སྐྱོ་སྤེལ་མས་ཐུན་མཚམས་ཡིན། །
སྔོན་མཁན་སློབ་ཉི་ཟླ་ཞལ་མཛོམས་དུས། །
རྗེ་དགེ་སློང་ནམ་མཁའི་སྙིང་པོ་མཆོག །
གནས་འདི་ནས་གྲུབ་པ་ཐོབ་པ་དེ། །
ཁོང་རྩེ་གཅིག་སྒྲུབ་བརྩོན་ཆེ་བས་རེད། །
དུས་སྙིགས་མའི་ནང་གི་ཡང་མཐའ་འདིར། །
ལུས་སྒྲུབ་ཚུགས་མེད་པ་བདག་ལྟ་ལ། །
རྟགས་དངོས་གྲུབ་དཀའ་ཡང་སྔོན་སྨོན་གྱི། །
འཕྲོ་ལོས་ཡིན་བསམ་ན་ཞེ་སེམས་བདེ། །
མོ་ཆོས་བརྒྱད་ཆེ་ཟེར་བཤད་ན་བཤད། །
བློ་ཆོས་ལ་འཁོར་བ་འདི་ཡིས་ཆོག །
མོ་དྲན་འཕྲུལ་རྒོད་ཟེར་གླེང་ན་གླེང་། །
གནས་དབེན་རིར་མོས་པ་འདི་ཡིས་ཆོག །
མོ་གྲགས་འདོད་རེད་ཟེར་འབར་ན་འབར། །
ནང་ཀུན་སློང་མི་བཙོག་འདི་ཡིས་ཆོག །
མོ་རང་དོན་ཆེ་ཟེར་བསྒྲགས་ན་བསྒྲགས། །
སྨན་རང་མགོ་འཁྱོངས་པ་འདི་ཡིས་ཆོག །
ཕྱི་བརྒྱ་སྡེའི་བཤད་ཡམས་ལྡང་ན་ལྡང་། །
ནང་རང་སེམས་ནོན་པ་འདི་ཡིས་ཆོག །
བན་སྐྱ་སེར་ངོ་སྲུང་བོར་ན་བོར། །
སྐྱབས་བླ་མ་བརྗེད་མེད་འདི་ཡིས་ཆོག །
གཞན་འགྲན་སེམས་མེ་ལྕེ་རྣོ་ན་རྣོ། །
མ་རང་ཚུགས་མ་ཤོར་འདི་ཡིས་ཆོག །
ཚེ་སྐྱིད་སྡུག་གང་ཞིག་བྱུང་ན་བྱུང་། །
ལས་རྒྱུ་འབྲས་ཡིད་ཆེས་འདི་ཡིས་ཆོག །
མ་མཁའ་འགྲོ་རེད་ཟེར་བསྟོད་ན་བསྟོད། །
རྟགས་རྟེན་འབྲེལ་གཙང་མ་འདི་ཡིས་ཆོག །
མོ་འདྲེ་མོ་རེད་ཟེར་སྨད་ན་སྨད། །
སེམས་སྙིང་རྗེ་ཕྲ་མོ་འདི་ཡིས་ཆོག །
ཆོས་ཐེག་དགུའི་ཁ་བཤད་མི་མཁས་ཀྱང་། །
སེམས་བློ་སྦྱོང་ཅུང་ཙམ་ཤེས་འདིས་ཆོག །
ལམ་བསྐྱེད་རྫོགས་སྤྲོས་པ་མི་ཤེས་ཀྱང་། །
རྗེ་བླ་མའི་གདམས་ངག་འདི་ཡིས་ཆོག །
ངག་བདེ་བདེའི་ལྟ་མགུར་མི་སྙན་ཡང་། །
གླུ་ཨ་ལའི་འགུག་སྟངས་འདི་ཡིས་ཆོག །
ཨ་ལ་ལ་ལ་ཧོ་ཆོག་པ་ལ། །
༢༠༢༡/༡༠/༠༣ ཉིན་གཙང་ཐ་བསམ་གཏན་ཆོས་སྒྲོན་གྱིས་གནས་ལྷོ་བྲག་མཁར་ཆུ་ནས་རྐྱེན་ཞིག་གིས་གླུ་རུ་བླངས་སོ།།
ཡོང་ཁུངས། རིགས་སྲས་ལུགས་གཉིས་ཕོ་ཉའི་གླིང་།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།