⊰ ཉིན་ཐོ་ལགས། ⊱
ཉིན་ཐོ་ལགས། རང་ལ་ཤེས་རིག་གི་ནུས་པ་མེད་ཀྱང་། ཁྱེད་ཀྱིས་བརྐྱངས་པའི་ལམ་བུ་དེ་ནས། ནུས་པ་གང་ཡོད་ཀྱིས་སོང་སོང་བའི་བདུན་གཉིས་དེར། ཁོ་བོར་འབྲི་རྩལ་གྱི་སྤོབས་པ་བྱིན་སོང་། མི་ནུས་མི་ལམ་ཟེར་བའི་ལོ་མང་དེ་དག་ལས་ཀྱང་ཨེ་ནུས་གང་ནུས་བྱས་པའི་ཉིན་གྲངས་བཅུ་ཕྲག་འདི་ཡིས་འབྲས་བུ་མོད་པ་བྱིན་སོང་། དེ་ནི་གསང་བ་ཤོད་མི་ཆོག་པའི་ཉིན་ཐོ་འདི་ནས་ཀྱང་དྲང་པོར་བཤད་པ་ཡིན་ནོ།།
ཉིན་ཐོ་ལགས། ད་ནི་ལས་དོན་གལ་ཆེན་ཞིག་གིས་རྗེས་སུ་སྙེག་དགོས་ཕྱིར། ཁྱེད་དང་ནམ་རྒྱུན་ལྟར་འཕྲད་པའི་གོ་སྐབས་ཤིག་མི་འདུག ཁྱེད་དང་ལྷན་དུ་འགྲོ་བའི་གྲོགས་པོ་བདག་གི་འདོད་དོན་མུ་མཐུད་དེ་འགེངས་རྒྱུ་མ་རྗེད་རོགས། ལས་ཀ་འདི་མ་ནུས་ཏེ་ལྷོད་དུ་བཏང་བ་མ་ཡིན་ཕྱིར། ཁྱེད་དང་ཁ་གྱེས་དགོས་ཐུག་ཀྱང་མིག་ཆུའི་ཁྲོད་ན་སྤོབས་སེམས་ཀྱི་འཛུམ་ཆུང་དམུལ་ལེར་ཡོད་ལགས།
ཁྱོད་ནི་ང་ཡི་མཛའ་གྲོགས་ཤིག་ཏུ་གྱུར་ཟིན་པས། བརྩོན་པའི་རྟ་མཆོག་དེ་ལ་གཤོག་པ་བསྒར་ཏེ་མཚམས་རེ་ཁྱེད་རང་ཐུག་ཏུ་ཡོང་རྒྱུ་ཡིན་པས་དེ་བར་གྲོགས་གཅེས་གཞན་པ་ཚོ་དང་བདེ་སྡུག་གི་གླེང་མོལ་ལ་རོལ་བཞིན་བདེ་བར་བཞུགས་ཨ།
ཡར་སྐྱེད་ལ་དུང་བ་ཟབ་པའི་གྲོགས་པོ་ཁོང་དག་གིས། ཁྱེད་ལ་ནམ་ཡང་སླུ་མི་སྲིད་པས། ངོ་མ་ཁྱེད་ཐུགས་ཁྲལ་མི་དགོས་ལགས། ནམ་ཞིག་ཁྱེད་ཀུན་ལས་རྣམ་པར་རྒྱལ་པའི་བཀྲ་ཤིས་སྨོན་འདུན་ཞུ།
༢༥/༠༨/༢༠༢༡
⊰ དབང་ཅི་བཀར་གྱིས་ཁྲིད་སོང་། ⊱
མཛེས་སྡུག་གི་མེ་ཏོག་བཟང་པོའི་འདབ་སྟོང་ལྷུག་པར་གྲོལ་བ་གསལ་ལེར་མངོན་པའི་ལ་དྭགས་བྱང་ཕྱོགས། འབྲོག་ཡུལ་སྤང་གོང་མཚོ་མོའི་ལྗོངས་སུ་འགྲུལ་བཞུད་ཀྱི་བརྙན་འདིས། ད་རིང་ཕྲན་གྱི་སེམས་འདི་ལྷོ་ཕྱོགས་དག་པའི་ཞིང་ནས་ཕ་ཡུལ་དོལ་པོ་ཕྱོགས་ལ་དབང་ཅི་བཀར་གྱིས་ཁྲིད་སོང་།
ཨ་ཚི་ཕ་ཡུལ་གྱི་རི་ཆུ་བཟང་པོ་དེ་དག་དངོས་སུ་མ་མཇལ་ནས། ལོ་མང་པོ་ཞིག་མིག་གདང་འཚུམ་གྱི་ངོགས་ནས་ཤོར་ཚར་ཐལ། དག་ཅིང་དྭངས་པའི་རི་ཆུའི་བཀོད་པ་ངོ་མཚར་ཅན་དེ་དག་དྲན་མ་ཐག་ནས། ད་ལྟ་རང་ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་ཅི་མ་རུང་བསམ་གི་ཡ།
སྲིད་པ་རྒན་པོའི་ལོ་རྒྱུས་ཀྱི་བང་འཛོད་ཁུར་བ། མཆོག་མི་ཤེས་པའི་དབྱངས་ཅན་དབང་མོའི་བཞིན་གྱི་དཔལ་དུ་གྱུར་བའི། གངས་རི་གཅིག་ལས་གཅིག་མཐོ་བ་ཁྱེད་དག་སྔར་ལྟར་བདེ་མུས་ཡིན་རེ་ཆེ། རྫས་ཀྱི་ལྷད་དང་བྲལ་ཞིང་རྡུལ་གྱི་རྙོག་པ་མེད་པ། ཡུལ་ལུང་ནས་ཡུལ་ལུང་དུ་ཤང་ཤང་དུ་རྒྱུག་པའི་ཕུ་ཆུ་དྭངས་མ་ཁྱེ་རྣམས་ངོ་མ་དྲན། ལྷག་པར་དུ་རི་བོ་ཇེ་ཆེ་ནས་ཇེ་ཆེར་འཛེགས་ཀྱང་། མཐོ་ནས་མཐོ་རུ་འགྲོ་བའི་བཞིན་བཟང་ནམ་མཁའ་ཁྱེད་ནི་དེ་བས་དྲན།
སྤང་རྒྱན་དང་གསེར་ཆེན། དར་ལྷ་དབུར་ཅོས་སོགས་ཀྱིས་འཕྱུར་བུར་ཁེངས་པའི་སྤང་གཤོང་ཁྱེད་དག་དྲན་ཚུལ་ཞིག་བརྗོད་ན། ལྕགས་ཀྱི་ཁ་པར་མ་ཟད་ཀྱང་ངའི་མཛུབ་མོ་འདི་ཟད་ངེས་རེད་འདུག
ད་རིང་གི་ཉིན་འདི་བརྙན་འདི་ལྟ་ལྟ་ཡིས་རྫོགས་སོང་ཟེར་དགོས་སམ། ༠༤/༠༩/༢༠༢༡
⊰ རེ་བས་འདོད་དོན་མ་འགྲུབ་ཀྱང་། རེ་སྒུག་གིས་འདོད་དོན་འགྲུབ་སྲིད། ⊱
དལ་ལ་འཇམ་པའི་ཏིར་སྒྲ་དེ་ཡིས། ཡང་ནས་ཡང་དུ་ཁོ་བོ་མལ་ལས་ལྡང་དགོས་པའི་ཨུ་ཚུགས་ནན་གྱིས་བརྒྱབ་སྟབས། འཁྱར་འཁྱོར་ངང་ནས་ཡར་ལ་ལངས། རྒྱབ་དང་སྒལ་ཚིགས་པུས་མོའི་རུས་ནད་དང་ཤ་གནད་དག་གིས། ཏོག་ཙམ་ཉོལ་ཞེས་སྐུལ་མ་བྱེད་ན་ཡང་། འདི་ནི་སྒོ་སྐབས་དམ་འཛིན་གྱི་དུས་ཤིག་ཅིས་མ་ཡིན། ན་ཁྲོལ་ལེ་བ་དེ་ལ་གཞིགས་ན། ད་རིང་མང་པོ་ཞིག་མལ་ས་རང་དུ་ལྷག་ངེས་རེད་ལ། རང་ཉིད་རྩེད་ཐང་ཕྱོགས་སུ་སྐོར་བསྐྱོད་ཅིག་བྱས་ན། ཏན་ཏན་གོ་སྐབས་ཤིག་ཡོད་རྒྱུ་རེད་བསམས་ཏེ་དེ་ཕྱོགས་སུ་གོམ་ཁ་གྱུར་བ་ཡིན།
ཚོད་དཔག་དེ་ནི་མངོན་ཤེས་ལྟར་དུ་གྱུར་འདུག་ཏེ། ཁ་སྔོན་རྩེད་ཐང་ཁེངས་འགྲོ་བ་དེ་ད་རིང་ཕྱེད་ཙམ་ཡང་མི་འདུག དེ་ནས་ཐང་ཟུར་དེར་ཡར་མར་འདུར་རྒྱུགས་སློང་འཕྲོ་ན། "ང་ཚོར་མི་ཚང་གི་མི་འདུག་"ཞེས་སྐད་འབོད་བྱེད་གིན་གདའ། ངས་དེ་མ་ཐག་དེ་ཕྱོགས་སུ་ཤར་བསྐྱོད་ཀྱིས། "ང་བརྩེ་ན་འགྲིག་གི་རེད་དམ་"བྱས་པར། དེ་ནི་ནད་ཐོག་ཏུ་སྨན་བཞིན་དུ་སོང་ནས་མང་པོ་ཞིག་གིས་ཁ་གཅིག་གྲག་གིས། "ཏག་ཏག་རེད།" "ཏག་ཏག་རེད་"ཟེར།
ངོ་མ་མི་ཚེའི་ལས་ལམ་ནི་གོ་སྐབས་ཀྱི་གཅོང་རོང་ན་ཡོད་པ་འདི་བདེན་པ་མ་ཡིན་ནམ། ༠༨/༡༠/༢༠༢༡
⊰ "གཞན་གྱིས་ལས་ཀ་བྱས་པ་མ་མཐོང་བ་ནི་ཁྱོད་ཀྱིས་ལས་ཀ་ངར་བ་བྱས་པའི་རྟགས་རེད།" ⊱
བཞིན་བཟང་འཛུམ་གྱིས་ཁེངས་པའི་གྲོགས་པོ་ཞིག རྒྱང་རིང་དེ་ནས་མིག་ལམ་དུ་ཤར་བྱུང་། སྔོ་སེར་དམར་ལྗང་གི་འགྱིག་ཟོམ་དུ་མ་ཞིག་འཁོར་དུ་སྐོར་ཡོད་ལ། གཞོན་བཟོ་དོད་པའི་སྐུ་ལུས་དེ་ནི་སྒེག་ཉམས་ཅུང་ཟད་ཞིག་གི་ངང་ནས། ལག་པ་གཡོན་དུ་འཁུར་ཡོད་པའི་ཆུ་འདེད་དབྱུག་པ་མགོ་ལེབ་ཞིག་ལ་སྙེས་མ་ཐབས་ཀྱིས་བརྟེན་ནས་བསྡད་འདུག
ལག་པ་གཡས་ན་ཕྱགས་མ་ཡུ་མེད་ཞིག་ནི། དམག་སར་ཕོ་རྒོད་རལ་གྲི་བཟུང་ནས་རྒྱུགས་འགྲོ་བ་བཞིན། རྩེ་མོ་ཐུར་རམ་འཕྲེད་ལ་སག་གེར་མཆིས། ཆས་ཀ་དེ་ནི་སྲོལ་རྒྱུན་རྒྱ་གར་གོན་པ་དྷོ་དི་སྟེ། སྐེ་རགས་མེད་པའི་ཕྱུ་པ་བརྫེས་མ་འདྲ་ལ། གོས་ཟུར་ཀུན་ནས་ཆུ་འཛར་ཧྲབ་ཧྲབ་བྱེད།
མ་ཚད་དག་ཅིང་དྭངས་པའི་པདྨའི་ངོས་ལ་ཕོག་པའི་ཞོགས་པའི་ཟིལ་བ་བཞིན། ཁོང་གི་བཞིན་ནས་ཀྱང་རྔུལ་ཆུའི་ཤེལ་ཏོག་འཁྲུལ་འཁྲུལ་གཡོ། ངས་དེ་ཕྱོགས་སུ་དལ་གྱིས་བསྐྱོད་དེ། "ཁོ་རེ། ད་རིང་ཁྱོད་ཀྱི་ལས་ཀ་བྱེད་པ་མཐོང་མ་བྱུང་། གང་དུ་སོང་ངམ་"བྱས་པར། "གཞན་གྱིས་ལས་ཀ་བྱས་པ་མ་མཐོང་བ་ནི་ཁྱོད་ཀྱིས་ལས་ཀ་ངར་བ་བྱས་པའི་རྟགས་རེད།" ཅེས་དེ་མ་ཐག་པའི་ལན་ཞིག་བཏབ་བྱུང་བས། གཏམ་འདོད་ལ་དགའ་བ་ང་རང་ནི། རེ་ཞིག་ཅི་ཟེར་མེད་པར་གྱུར་ཐལ།
⊰ ལམ་ཟུར་གྱི་འཚོ་བ། ⊱
རྒྱ་ལམ་དེ་ན་གླ་འཁོར་དང་རླངས་འཁོར། རྐང་གསུམ་འཁོར་ལོ། ལྕགས་རྟ། དེ་བཞིན་ཐོན་ཁུངས་མི་གཅིག་པ་དུ་མ། མིང་ལ་འདྲ་མིན་སྣ་ཚོགས་ཀྱི་འཁོར་ལོ་བགྲང་གིས་ལོན་དུ་མེད་པ་བར་མེད་དུ་ཤིག་ཤིག་འགུལ་བསྐྱོད་བྱེད་པ་ནི། ང་རང་ཤིན་ཏུ་ཆུང་བའི་སྲོག་ཆགས་ཤིག་ཏུ་གྱུར་ཏེ། གྲོག་ཚང་ཞིག་གི་སྒོ་འགྲམ་དུ་བསླེབས་པ་དང་ཨ་ན་མ་ན་རེད།
གྲྭ་བའི་ལམ་དུ་བསྐྱོད་ཨེ་ནུས་ལྟ་ཞིང་། དག་ཅིང་དྭངས་པའི་དགོན་པའི་འཁོར་ཡུག་ཉིད་དུ་གནས་སྟབས། སྐབས་རེ་འདུ་འཛི་ཆེ་བའི་འཇིག་རྟེན་སྤྱི་ཚོགས་དག་ཏུ་ཐོན་ན་ཡང་ཆགས་པ་སྐྱེ་རྒྱུ་ཕར་བཞག ཁ་ནས་སྦྲིད་པ་རྒྱག་པ་ཁོག་ནས་ཞེ་མེར་ལྡང་ལ། འོ་མ་ངོ་མ་ལས་བཟོས་པའི་ལམ་ཟུར་གྱི་ཇ་ཕོར་དེ་ལ་ཐལ་དྲི་བྲོ་བཞིན་གདའ། དེ་ནི་ངེས་འབྱུང་ཞིག་ག་ལ་ཡིན་ཏེ། ཕལ་ཆེར་ལང་ཤོར་བ་འདྲ།
སྤྱི་ཚོགས་འདི་ཧོལ་རྒྱུག་ལ་དགའ་ཞིང་། སེམས་པ་དེ་གཞན་དབང་འབའ་ཞིག་ཡིན་སྟབས་། མ་བྱུང་པ་དང་མ་འགྲིག་འདི་ཀུན་ལྟོས་བཅས་ཀྱི་རང་བཞིན་ཡིན་པ་དེ། ལོ་ནས་ལོ་བསྟུད་དེ་སྦྱངས་ཤིང་ཁ་ལ་ཁྱེར་ཀྱང་། འཚོ་བ་དངོས་དང་འབྲེ་འདྲིས་བྱེད་རྒྱུ་ནི་ཁག་པོ་རང་རེད་འདུག
ངོ་མ་བྱས་ན། ལོ་གྲངས་བརྒྱ་ཡི་སྔོན་དུ་ཕྱོགས་འདི་ཀུན་ནགས་ཚལ་སྟུག་པོ་འབའ་ཞིག་དང་། དེ་ལ་གནས་པའི་སེམས་ཅན་གཅན་གཟན་དག་ལས་མེད་ཅིང་། དེ་སྐབས་འདི་ནས་སླེ་དབར་མང་པོའི་རྒྱང་ན་གནས་པ་རྣམས་ཀྱིས་ནི། རི་ཁྲོད་དེ་རུ་ཁྲ་ཁྲ་ཟིང་ཟིང་འདི་འདྲ་རང་ཞིག་བྱུང་སྲིད་པ་ནི་སེམས་ལ་འཆར་ཙམ་ཞིག་ཀྱང་བྱས་ཡོད་དམ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།