རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 11 November 2021

༈ ཆོས་ལྡན་དོལ་པོའི་ཕ་ཆོས་རིག་འཛིན་གྲུབ་བརྙེས་ཁོ་ན་ལས་བརྒྱུད་པའི་ཉང་གཏེར་གུ་རུ་དྲག་པོ།

དོལ་པོ་སྒོམ་ཆེན།

ཟབ་ཆོས་འདི་ནི་ཆོས་སྐུ་སྣང་བ་མཐའ་ཡས།  ལོངས་སྐུ་ཐུགས་རྗེ་ཆེན་པོ།  སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། རྒྱུད་སྡེ་སྤྱི་དང་མཐུན་པར་དགོངས་བརྡ་སྙན་བརྒྱུད་ཀྱི་བརྒྱུད་པ་ཟབ་མོ་གསུམ་གྱི་སྟེང་དུ། གུ་རུ་རིན་པོ་ཆེས་ཉང་རལ་ཉི་མ་འོད་ཟེར་ལ་སྨོན་ལམ་བཏབ་ཅིང་དབང་བསྐུར།  དུས་སུ་བབས་ན་གཏེར་ཆེན་གང་གིས་འདོན་པར་ལུང་དུ་བསྟན་ཅིང་།  གཏེར་སྲུང་བདུད་བཙན་ཀླུ་གསུམ་ལ་སོགས་པར། ཡེ་ཤེས་དང་འཇིག་རྟེན་པའི་མཁའ་འགྲོ་ཆོས་སྲུང་རྣམས་ལ་བཅོལ་ཏེ། མ་འོངས་པ་ན་གཏེར་ཆེན་ཁོང་ལ་གཏོད་ཅིག་པར་གདམས་པའི། གཏེར་བརྒྱུད་གསུམ་དང་བརྒྱུད་པ་དྲུག་ལྡན་གྱི་ཟབ་ཆོས་བླ་ན་མེད་པ་ཞིག་ཡིན། 

     འདི་ནི་གཏེར་ཆེན་ནས་ཆོས་བདག་སློབ་མར་བརྒྱུད།  རིམ་གྱིས་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་བཞེས་ཏེ་དོལ་པོ་པ་བློ་གྲོས་དབང་ཕྱུག་ལ་བསྩལ་ཞིང་།  དེས་ཀྱང་གུ་རུ་དྲག་པོ་འདི་ལས་མཆོག་མཐུན་གྱི་དངོས་གྲུབ་བརྙེས་ཏེ།  ཆོས་བདག་ངོར་ཆེན་པ་བསོད་ནམས་བློ་གྲོས་ལ་ནན་ཏན་གྱིས་བསྩལ་ཏེ། དེས་ཀྱང་ཉམས་སུ་མྱོངས་པས་དངོས་གྲུབ་བརྙེས།  དེས་ཐང་སྟོང་སྤྲུལ་པ་ཆོས་སྐྱབས་དཔལ་བཟང་སོགས་ལ་བསྩལ་ཞིང་། མང་ཆེ་བས་གྲུབ་པ་བརྙེས་ཏེ་རྟགས་མཚན་མངོན་གསུམ་དུ་ཐོན།  དེ་ནས་རིམ་གྱིས་བརྒྱུད་དེ་བདག་ཅག་གི་བླ་མ་དམ་པའི་བར་དུ་དངོས་གྲུབ་བརྙེས་པ་རྒྱུན་མ་ཆད་པར་བྱོན་ཞིང་།  ཁོ་བོའི་ཡབ་རྒན་ལྟ་བུས་ཀྱང་སེར་བ་དང་ཆར་པ་དྲག་པོ་སོགས། ངལ་བ་མེད་པས་འགེགས་ནུས་པ་ཁོ་བོས་དངོས་སུ་མཐོང་།

     དེ་ལྟར་ཆོས་འདི་ནི། མི་ལོ་བཞི་བརྒྱ་ལས་བརྒལ་བ་ལྔ་བརྒྱ་མ་བཟིན་ཙམ་དུ། དོལ་པོ་དང་མུ་གུམ་སོགས་ཀྱི་ཉམས་ལེན་དུ་མི་ནུབ་པར་གནས་མུས་སུ་མཆིས་ཤིང་།  ཁྱད་པར་དཔལ་དམར་སྒོམ་པ་གཡས་འཚེར་བྱང་ཆུབ་གླིང་དང་། དེ་དང་ཉེ་བའི་དགོན་སྡེ་དག་ཏུ་ད་ལྟ་བར་ཉམས་སུ་ལེན་མུས་དང་།  དགོན་པ་འདི་དང་འབྲེལ་བའི་བན་ཚང་གི་མཐའ་དཀར་དང་གཉེན་མོ།  ནང་ཁོང་གི་དཔལ་ལྡིང་སོགས་སུའང་ཉམས་ལེན་མཛད་བཞིན་ཡོད།  ཕལ་ཆེར་ཉང་གི་བཀའ་བརྒྱད་ཡོངས་རྫོགས་དང་། གུར་དྲག་གི་ཆོས་མཚན་དུམ་བུ་ཉུང་ངུ་ཞིག་དང་ཐོར་བུ་འགའ་རེ་རིན་ཆེན་གཏེར་མཛོད་དུ་བཞུགས་ཤིང་། མ་དགོན་དག་ནའང་དར་རྒྱས་སུ་ཡོད་ཀྱང་།  གུར་དྲག་དང་མགོན་པོ་ཕྱག་བཞི་བའི་ཆོས་མཚན་པོད་གསུམ་ཙམ་བཞུགས་པ་ཉིད། ཕལ་ཆེར་བོད་རྒྱུད་ནང་བསྟན་ཡོངས་རྫོགས་པའི་ནང་དུ་ཡོད་མེད་ཐེ་ཚོམ་དུ་གྱུར་ཏེ།  དར་ཐང་རིན་པོ་ཆེས་དེབ་གཟུགས་སུ་པར་བསྐྲུན་གནང་བ་དེའང་། ཕལ་ཆེར་མ་དཔེ་དོལ་པོ་ནས་ཡིན་ཚོད་དུ་འདུག

     དོལ་པོ་ན་བཞུགས་པའི་པོད་གསུམ་མ་དེའང་གུར་དྲག་དང་མགོན་པོའི་ལས་བྱང་ཙམ་ལས། གཞན་རྣམས་གཏེར་གཞུང་རང་ལས་ཆོག་བསྒྲིགས་གནང་མེད་སྟབས། ལོ་འགའི་སྔོན་ལ་དམར་སྒོམ་རིན་པོ་ཆེ་དང་། གཡས་འཚེར་དགོན་གྱི་བླ་མ་ལྷུན་དཔལ་རིན་པོ་ཆེ་སོགས་ཀྱིས། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ་མཆོག་ལ་གཟིགས་འབུལ་གྱིས་ཆོག་སྒྲིག་གནང་རེ་ཞུས་ཀྱང་།  ཆོས་འདི་ཤིན་ཏུ་བཀའ་གཉན་པས་རེ་ཞིག་དུས་ལ་མ་བབས་གསུངས་ཏེ་ཕྱིར་སློག་ཅིང་། དགོན་པའི་བླ་གྲྭ་མཐུན་མོང་ནས་ཐེལ་ཙེ་མནན་ཏེ་རེ་ཞིག་མི་མངོན་པར་བཞུགས་སུ་གསོལ་བ་ཉིད།  ལོ་འགའི་སྔོན་དུ་ཁོ་བོས་ཁ་ཕྱེས་ཤིང་བཏོན།  ཕྱིས་སུ་དགེ་སློང་དར་རྒྱས་རིན་པོ་ཆེ་མཆོག་དང་། ཀོ་མང་སྤྲུལ་སྐུ་རིན་པོ་ཆེས་པར་བསྐྲུན་བཀའ་དྲིན་བསྐྱངས་ཤིང་།  དོལ་ཕྱོགས་ཀྱི་ཆོས་པ་མང་ཆེ་བར་༸སྐྱབས་མགོན་འཇིགས་མེད་ཁྲོ་རྒྱལ་རིན་པོ་ཆེ་མཆོག་གི་ཐུགས་རྗེས་དབང་ལུང་བསྩལ་བའི་དྲིན་ལས། རེ་ཞིག་ནུབ་པར་དཀའ་བར་གནས་པ་ནི། འཇིག་རྟེན་ཁམས་ཀྱི་ཕན་བདེ་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་མཆོག་ཉིད་དོ།།

     ཅེས་པའང་ལམ་འདི་ནས་དངོས་གྲུབ་ཀྱི་སྐལ་བ་ཅུང་ཟད་བརྙེས་པའི་སྐལ་བཟང་ཅན་དོལ་པོ་སྒོམ་པའི་མིང་གིས་བྲིས་པ་མངྒ་ལམ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།