རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 13 November 2021

ལམ་འགྲོ་དང་། འབད་བརྩོན།

དབྱངས་གསལ་གྱི་སྨྲ་ལྕེ།

འདི་ལྟར་མི་སུ་ཞིག་གིས་བྱ་བ་གང་ཞིག་བསྒྲུབས་ན་ཡང་། རང་གི་འདོད་ཐོག་ལྟར་གྲུབ་འབྲས་འཐོན་མ་འཐོན་ཅི་རིགས་ཡོང་གི་ཡོད་པ་ནི། རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། དེ་ཡང་ལ་ལ་ཞིག་གིས་བྱ་བ་གང་ཞིག་རྩོམ་པར། མཚན་ལ་ཉལ་ཁོམ་དང་ཉིན་ལ་ཟ་ཁོམ་མེད་པར་འབད་པ་དྲག་པོས་བརྩོན་ན་ཡང་། རང་གིས་བསམས་པ་ལྟར་དུའམ་འབད་པ་ནང་བཞིན་འདོད་བློ་ཚིམ་པའི་གྲུབ་འབྲས་ཤིག་ལག་ཏུ་ལོངས་ཀྱི་མེད་པ་རེད། ཡང་ལ་ལས་ནི་གོང་བཞིན་ཤ་ཐང་རུས་ཐང་དུ་མ་འབད་ཀྱང་། རང་གི་འདོད་པ་ལས་ཀྱང་ལྷག་པའི་གྲུབ་འབྲས་གཡུར་དུ་ཟ་བ་འབྱུང་གི་ཡོད།

     འདི་ལ་ང་ཚོས་མནོ་བསམ་ཞིག་བཏང་ན། ཁ་ཤས་ཀྱིས་བརྩོན་པ་དྲག་པོས་འབད་ཀྱང་གྲུབ་འབྲས་དེ་ཙམ་མ་ཐོབ་པ་དང་། ཡང་འགའ་ཤས་ཀྱིས་དེ་ཙམ་མ་འབད་ཀྱང་འབད་པ་ལས་ཀྱང་ལྷག་པའི་གྲུབ་འབྲས་ཐོབ་པ་སྟེ། འདི་གཉིས་རྒྱུ་འབྲས་འགྲོ་ལྡོག་གི་ས་མཚམས་ལས་འགལ་བ་ལྟ་བུ། ཧ་ཅང་གིས་ཧེ་བག་ཆེན་པོ་ཞིག་ཤོར་ཡོད་པ་ཚོར་གྱི་མི་འདུག་གམ། དེ་ལྟར་ཚོར་ན་ཡང་ཚོར་བ་ཁོ་ནའི་རྗེས་སུ་མ་འབྲངས་པར། དོན་དངོས་ལ་རྟོག་པ་ཞིབ་མོས་ཡང་ཡང་རྟོགས་དང་། དེ་ལྟར་བརྟགས་རྗེས་ང་ཚོར་གོ་རྟོགས་གསར་པ་ཞིག་ཤིག་རྙེད་འོང་བ་ནི། ལམ་འགྲོ་དང་། འབད་བརྩོན་ཞེས་པ་དེ་རེད།

     དེ་ཡང་ལ་ལ་ཞིག་གིས་བྱ་བ་གང་ཞིག་རྩོམ་པར། མཚན་ལ་ཉལ་ཁོམ་དང་ཉིན་ལ་ཟ་ཁོམ་མེད་པར་འབད་པ་དྲག་པོས་འབད་ན་ཡང་། རང་གིས་བསམས་པ་ལྟར་དུའམ་འབད་པ་ནང་བཞིན། འདོད་བློ་ཚིམ་པའི་གྲུབ་འབྲས་ཤིག་ལག་ཏུ་ལོན་གྱི་མེད་པ་ལ། ལམ་འགྲོ་མི་འདུག་ཅེས་བཤད་ཆོག་པ་རེད་ལ། འཇིག་རྟེན་ན་ཡང་དེ་ལྟར་ཤོད་ཀྱི་ཡོད་པ་རེད། ཡང་ལ་ལས་ནི་གོང་བཞིན་ཤ་ཐང་རུས་ཐང་དུ་མ་འབད་ཀྱང་། རང་གི་འདོད་པ་ལས་ཀྱང་ལྷག་པའི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་གྱི་ཡོད་པ་ལ། ལམ་འགྲོ་འདུག་ཅེས་བཤད་ཆོག་པ་རེད་ལ། འཇིག་རྟེན་ན་ཡང་དེ་ལྟར་ཤོད་ཀྱི་ཡོད་པ་རེད།

     དེ་ལྟར་ལམ་འགྲོ་དང་འབད་བརྩོན་གྱི་དོན་ལ། ཡང་བསྐྱར་གོ་བ་གཏིང་ཟབ་ས་ཞིག་ནས་བླངས་ན། གནས་ལུགས་གསར་པ་ཞིག་རྟོགས་འོང་། ང་ཚོས་རྟོག་པ་ཞིབ་མོས་མ་བརྟགས་མ་དཔྱད་ཙམ་གྱིས་ཕར་བལྟས་ཚོད་ལ། ལམ་འགྲོ་ཞེས་པ་ནི་སྟབས་ལེགས་སྟེས་དབང་ངམ་དཀའ་ལས་མ་བརྒྱབ་པའི་འབྲས་བུ་ལྟ་བུར་མཐོང་ཡང་། དོན་དངོས་ལ་ལམ་འགྲོ་ནི་སྟབས་ལེགས་སྟེས་དབང་ངམ་དཀའ་ལས་མ་བརྒྱབ་པར་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་གཏན་ནས་ཡིན་ཐབས་མེད། ལམ་འགྲོ་ཡང་འབད་རྩོན་ལས་བྱུང་བ་ཡིན་སྟབས། འབད་བརྩོན་ལ་མ་ལྟོས་པའི་ལམ་འགྲོ་གཅིག་བདེན་ཞིག་མེད། ད་ཆ་ང་ཚོས་འབད་བརྩོན་འདྲ་འདྲ་བྱས་ཀྱང་ལམ་འགྲོ་རྒྱུགས་མ་རྒྱུགས་ཀྱི་ཁྱད་པར་ལས་གྲུབ་འབྲས་ལོན་མ་ལོན་གྱི་ཧེ་བག་ཤོར་བ་དངོས་གནས་རེད།

     དེས་ན་ད་ལྟའི་འབད་བརྩོན་ཁོ་ནས་མི་ཆོག་སྟེ། ལམ་འགྲོ་རྒྱུག་པའི་རྒྱུ་རྐྱེན་ཚང་བ་ལའང་ལྟོས་དགོས་གཤིས། ཚེ་སྔོན་གྱི་བསགས་རྒྱབ་ཡོད་པ་དང་། རྣམ་ཀུན་གཞན་ལ་བསམ་པ་བཟང་པོ་དང་། དཀོན་མཆོག་ལ་ཡིད་ཆེས་དགོས་པ་ནི། ལམ་འགྲོ་རྒྱུག་བྱེད་ཀྱི་རྒྱུ་རྐྱེན་ཡིན་པས། ནམ་རྒྱུན་བྱ་གཞག་གང་ཞིག་བརྩམས་རུང་། ལམ་འགྲོ་དང་འབད་བརྩོན་ཟུང་འབྲེལ་དུ་དགོས་པ་གལ་ཆེན་ཡིན།

ཡོང་ཁུངས།: ཉིན་ཐོ་ཕྱིར་གསལ། (ངོ་དེབ་ཚོམས།)

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།