རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 9 November 2021

༄༅། །གུ་རུའི་གསོལ་འདེབས་རྡོ་རྗེའི་ཚིག་ཕྲེང་བཞུགས།

༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེས་མཛད།
 
མཆོག་གི་དང་པོ་སྐུ་གསུམ་འཆང་། །
སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །
འོད་ཆེན་རྣམ་པར་སྣང་བར་བྱེད། །
ཚེ་མཐའ་ཡས་པ་ལ་ཕྱག་འཚལ། །

བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །
འགྲོ་ཀུན་དགའ་བའི་མིག་དང་ལྡན། །
སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །
འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ། །
 
དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །
ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །
རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །
སྣང་སྲིད་ཟིལ་གནོན་ལ་ཕྱག་འཚལ། །
 
རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །
རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །
རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །
པདྨ་འབྱུང་གནས་ལ་ཕྱག་འཚལ། །
 
འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །
དུས་གསུམ་སངས་རྒྱས་ལས་བྱེད་པ། །
མགོན་པོ་སེམས་ཅན་ཀུན་གྱི་མཆོག །
པདྨ་སཾ་བྷ་ལ་ཕྱག་འཚལ། །
 
མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །
བློ་ལྡན་སྒེག་འཆང་དཔལ་དང་ལྡན། །
སྨྲ་བའི་སེང་གེ་མཚུངས་པ་མེད། །
བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །

སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །
སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །
སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །
པདྨ་རྒྱལ་པོ་ལ་ཕྱག་འཚལ། །
 
གསང་སྔགས་ཚུལ་ཆེན་ལས་བྱུང་བ། །
ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །
བདེན་དོན་རྣམ་པ་བཅུ་གཉིས་ལྡན། །
ཉི་མ་འོད་ཟེར་ལ་ཕྱག་འཚལ། །
 
རྣམ་དག་ཕུང་པོ་ལྔ་འཆང་བ། །
ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །
ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །
ཤཱཀྱ་སེང་གེ་ལ་ཕྱག་འཚལ། །
 
ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །
རྡོ་རྗེ་དྲག་པོ་དགའ་བ་ཆེ། །
བདག་མེད་སེང་གེའི་སྒྲ་དང་ལྡན། །
སེང་གེ་སྒྲ་སྒྲོགས་ལ་ཕྱག་འཚལ། །
 
བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །
རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །
ཚུགས་པ་མེད་ཅིང་ཆེ་བར་གྲགས། །
རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །
 
རིགས་གསུམ་འཆང་བ་གསང་སྔགས་ཅན། །
གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །
སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །
མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ། །
 
ཁྱེད་ལ་ཕྱག་འཚལ་གསོལ་བཏབ་པས། །
བདག་ཅག་ཡང་དག་རྫོགས་པ་ཡི། །
བྱང་ཆུབ་དམ་པ་མངོན་གྱུར་ནས། །
བསྟན་འགྲོའི་དཔལ་ཀུན་སྤེལ་བྱེད་ཤོག །

     ཅེས་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ལུང་གི་ཚུལ་དུ་བཏུས་པ་འདིས་ཀྱང་། སྐྱེ་ཀུན་སངས་རྒྱས་གཉིས་པས་རྗེས་སུ་འཛིན་པའི་རྒྱུར་དམིགས་ནས། མངྒ་ལ་ཤྲཱི་བྷུ་ཏིས་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའོ། །དགེའོ། །དགེའོ། དགེའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།