འཇམ་དབྱངས་དཀར་པོ།
སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༠ ཉིན།
ལོབ་ཕྱོགས་ཤིག་གིས་ཁ་པར་ལ་རེག་རེག་ཐུག་ཐུག་མ་བྱས་ན་ཞེ་བློ་བདེ་ལ་མི་འབབ་ཅིང་། ཅི་ཞིག་ཚང་མེད་པའི་ཚོར་སྣང་ཞིག་གིས་སེམས་ཀྱི་ཟུར་ཞིག་ལ་སྟོང་ཆ་ཞིག་རང་བཞིན་གྱིས་ཡོང་གི་འདུག་པར་བལྟས་ན། ཁ་པར་ནི་ངའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་འདྲ། ཕྱོགས་གཅིག་ནས་གྲོང་ཁྱེར་ཆེན་པོ་འདིར་ཙི་གུ་བཞིན་ས་འོག་ནས་ས་ཁ། ས་ཁ་ནས་ས་འོག་ལ་འཛུལ་ཏེ། མི་ཚེ་འཁོར་ལམ་ནས་སྐྱེལ་དགོས་པའི་ཁེར་འགྲོ་བ་ཞིག་ལ་མཚོན་ན། ཁ་པར་ནི་སྒེར་སེམས་མེད་པའི་འགྲོ་རོགས། འདུག་རོགས། སྐྱིད་རོགས། སྐྱོ་རོགས་ཟླ་མེད་ཅིག་རེད།
ཁེས་ཉིན་སཱན་ལ་སར་གྱི་མེ་འཁོར་ས་ཚིགས་ནས་འགྲེང་སྟེ། མུ་སྟེགས་པའི་དགེ་སློང་ཞིག་གི་གཏམ་བཤད་ལ་ཉན། གཏམ་བཤད་དེའི་ནང་རྒྱ་གར་གྱི་བུད་མེད་ཅིག་གི་ཡ་ང་བའི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས། མོས་རང་གི་ཁྱོ་ག་ལ་ཇི་ལྟར་བཟོད་སྒོམ་བྱས་པའི་སྐོར་བཤད། ངས་དེ་མ་ཐག་དྲྭ་ཐོག་ནས་བུད་མེད་དེའི་ལོ་རྒྱུས་ནས། མོའི་མི་ཚེ་བརྒྱུད་རིམ་ལ་མིག་བཤེར་ཞིག་བྱས་ཏེ། མོའི་མི་ཚེ་ལོ་རྒྱུས་སྙིང་བསྡུས་ཤིག་བཏུས་བསྒྱུར་གྱིས། གཤམ་གྱི་ཡི་གེ་འདི་ལས་སྐལ་གཅིག་པའི་བོད་ཡིག་ཀློག་པ་པོ་རྣམས་ལ་དུས་ཚོད་གཏོང་གྲོགས་སུ་ཕུལ་བ་ལགས།
བྱིས་པ་ ༡,༠༠༠ ལྷག་གི་ཨ་མ་དང་། རླབས་ཆེན་གྱི་བུད་མེད་སིཾདྷུ་ཏཱཨཱྀ°སཔ་ཀཱལ་(Sindhutai Sapkal)ནི། སྤྱི་ལོ་ ༡༩༤༨ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་ཡུལ་འཁོར་ཆེན་པོའི་(Maharashtra)ཝར་དྷ་(Wardha)རྫོང་གི་ཕྱུགས་འཚོ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཡིན་ན་ཡང་མོ་ནི་ཁྱིམ་ཚང་ལ་མི་དགོས་པའི་བྱིས་པ་ཞིག་ཏུ་གྱུར་ཏེ། སློབ་ཆུང་འཛིན་རིམ་བཞི་པ་མཐར་ཕྱིན་རྗེས། བཙན་ཚུགས་ཀྱིས་མོ་ལས་ལོ་ ༣༠ ཆེ་བའི་སྐྱེས་པ་ཞིག་ལ་གཉེན་སྒྲིག་ཏུ་བཅུག སྐབས་དེར་མོ་ལོ་ ༡༠ རེད།
ཁྱིམ་གསར་པ་དེར་སིཾདྷུ་ཏཱཨཱྀ་ལྕི་བ་འཐུ་བར་སོང་ན། ལྕི་ཐུན་བུ་མོ་ཚོས་ཐུབ་ཚོད་གཏོང་བ་དང་། འབུད་ཤིང་འཐུ་རུ་སོང་ན། ཤིང་ནགས་སྲུང་མཁན་གྱིས་བརྙས་བཅོས་བྱེད་པ། རྩྭ་འཐུ་རུ་སོང་ན་ས་བདག་ཚོས་ཐུབ་ཚོད་གཏོང་བ་སོགས། བརྙས་བཅོས་དང་ཐུབ་ཚོད་ཚད་མེད་མྱོང་དགོས་བྱུང་བར་མ་ཟད། ཁྱིམ་ནས་ཁྱོ་ག་དང་སྒྱུག་པོ་སྒྱུག་མོའི་གཤེ་གཤེ་དང་བཅར་བརྡུང་གཟེད་དགོས།
སིཾདྷུ་ཏཱཨཱྀ་ཡིས་ཕྱི་ནང་གི་མནར་གཅོད་ཚད་ལས་བརྒལ་བ་མྱོང་བཞིན། ལོ་ ༢༠ ཟིན་མཚམས་བྱིས་པ་གསུམ་གྱི་ཨ་མར་གྱུར་ཡོད་པ་མ་ཟད། མངལ་ན་ཟླ་ ༩ ལོན་པའི་བྱིས་པ་ཞིག་ཡོད། མཚན་མོ་ཞིག་ལ་ཁྱོ་གས་བཅར་རྡུང་བྱས་ནས་སིཾདྷུ་ཏཱཨཱྀ་དྲན་མེད་དུ་བརྒྱལ་བར། ཁྱོ་གས་སིཾདྷུ་ཏཱཨཱྀ་ཤི་བ་རེད་བསམ་ནས་བ་ཕྱུགས་ར་བའི་ནང་དུ་གཡུག མཚན་དཀྱིལ་ཙམ་ལ་ན་ཟུག་གིས་སིཾདྷུ་ཏཱཨཱྀ་གཉིད་སད་པར། བ་མོ་ཞིག་མོ་ལ་སྦྱར་ནས་ཉལ་ཏེ་དྲོད་སྟེར་གྱི་ཡོད་པ་མཐོང་བས། ནམ་ཞིག་བ་ཕྱུགས་འདི་ལ་དྲིན་ལན་འཇལ་ཐུབ་ཨང་སྙམ་ནས་སེམས་སྐྱོ།
བ་ཕྱུགས་ར་བའི་ནང་སྐྱེ་ཟུག་དང་བཅར་རྡུང་གི་ན་ཟུག་ལྷན། བུ་མོ་མཱམ་ཏ་(Mamta)བཙས། སིཾདྷུ་ཏཱཨཱྀ་ཡིས་རྡོ་ཞིག་བཙལ་ཏེ་ལྟེ་ཐག་བཅད། ལུས་ལ་བཟོད་གླགས་མེད་པའི་ན་ཟུག་ཡོད་ཀྱང་། བཙས་མ་ཐག་པའི་བུ་མོ་བྲང་ཁར་སྦྱར་ནས། རེ་བ་ཆེན་པོ་ཞིག་གིས་སྤྱི་ལེ་འགའ་ལ་གོམ་པ་བརྒྱབ་ནས། རང་གི་ཕ་མ་གཉིས་ཀྱི་ཁྱིམ་ལ་སྐྱབས་བཅོལ་དུ་བསྐྱོད་ཀྱང་། ཕ་མ་གཉིས་ཀྱིས་ཁྱིམ་ལ་ཡོང་དུ་མ་བཅུག་པས། སིཾདྷུ་ཏཱཨཱྀ་བཀྲེས་སྐོམ་གྱིས་མནར་ཞིང་། སྡོད་ཁྱིམ་མེད་པའི་སྤྲང་མོ་ཞིག་ཏུ་གྱུར་པས། དུར་ཁྲོད་ཀྱི་རོ་བསྲེག་སའི་གཡབ་འོག་ཏུ་གནས་བཅས།
ཉིན་མོ་ཕྱོགས་ཡར་མར་ཉུལ་ནས་ངལ་གསོ་རྒྱག་ས་བཙན་པོ་ཞིག་འཚོལ་བ་དང་། དགོང་མོ་མུན་རུབ་མཚམས་དུར་ཁྲོད་དུ་སོང་ནས། འདས་པོ་རྣམས་ལ་ཟས་སྐལ་དུ་བཞག་པའི་འབྲུ་དང་གོ་རེ་སྐྱ་སྲབ་བཟས་ནས་འཚོ་བ་འཁྱོལ་ཐབས་བྱས། ཁ་ཟས་ཉུང་ངུ་དེ་ཙམ་གྱིས་འཚོ་བ་འཁྱོལ་ཐབས་མེད་པས་སྲང་ལམ་དང་དགོན་མཐའ། མེ་འཁོར་ས་ཚིགས་ནས་ཆོས་གླུ་ལེན་བཞིན་སློང་མོ་བྱས། ཡིན་ན་ཡང་མཚན་མོ་ཉལ་ས་སྔར་བཞིན་དུར་ཁྲོད་ནང་ཡིན་པ་དང་། དུར་ཁྲོད་ནང་ཉལ་ན་བཙན་པོ་དབང་ཡོད་བཤད་མཁན་གྱི་སྐྱེས་པ་མེད་པར་མ་ཟད། མི་རེ་ཟུང་གིས་སིཾདྷུ་ཏཱཨཱྀ་ཡིས་མཚན་མོ་དུར་ཁྲོད་ནང་ཟས་འཚོལ་བ་མཐོང་ན། "འདྲེ་འདུག་"ཅེས་སྐྲག་ནས་ཡོང་ནུས་མཁན་མེད།
ཉིན་ཞིག་སིཾདྷུ་ཏཱཨཱྀ་ཡིས་འཇིག་རྟེན་འདིར་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་འཚོ་བ་ལས་ཤི་བ་དགའ་སྙམ་ནས། བུ་མོ་མཱམ་ཏ་བྲང་ཁར་སྦྱར་ནས་བུ་མོ་དང་ལྷན་དུ་ཚེ་ཕྱི་མར་འགྲོ་རྒྱུ་ཐག་བཅད་དེ། མེ་འཁོར་གྱི་ལྕགས་ལམ་སྟེང་འགྲེང་ནས་སྡོད་སྐབས། སློང་མོ་བ་བགྲེས་སོང་ཆེས་ཉམ་ཐག་ཅིག་གིས་”བུ་མོ། ང་ལ་གོ་རེ་ཞིག་དང་ཆུ་སྤྲོད་རོགས་”ཞེས་སྐད་ཆེན་པོས་བོས་པར། སིཾདྷུ་ཏཱཨཱྀ་གློ་བུར་དུ་གཉིད་སད་པ་ལྟར་ཧར་འདྲོག་ཅིག་དང་ལྷན། དྲན་ངོགས་སུ་སློང་མོ་བ་རྣམས་ལ་བཟའ་བཏུང་གནས་མལ་གྱི་རོགས་མགོན་བྱེད་དགོས་སྙམ་པ་ཞིག་གློག་འཁྱུག་པ་བཞིན་འོང་བས། སིཾདྷུ་ཏཱཨཱྀ་རང་དང་བུ་མོའི་སྲོག་གཅོད་ཀྱི་ལས་ལས་བཤོལ་ན་ཡང་། སྔར་བཞིན་སློང་མོ་མི་བྱེད་ཀ་མེད་དུ་གྱུར།
ཉིན་ཞིག་སིཾདྷུ་ཏཱཨཱྀ་བཟའ་བཏུང་འཚོལ་དུ་འགྲོ་སྐབས། མེ་འཁོར་ས་ཚིགས་ན་བྱིས་པ་དམར་འབྱར་ཞིག་གྲོངས་ཟིན་པའི་ཨ་མའི་ཕུང་པོ་ལ་འཐམ་ནས་ངུ་བཞིན་པ་མཐོང་བས། བྱིས་པ་དྭ་ཕྲུག་རྣམས་ལ་རོགས་རམ་དང་མི་ཚེའི་མགོ་འདོན་བྱེད་རྒྱུའི་སེམས་ཐག་བཅད་ནས། ཚམ་ཚོམ་མེད་པར་བྱིས་པ་དམར་འབྱར་ཏེ་བླངས་ནས་འཁྱེར་རྩིས་བྱས་ཀྱང་། མེ་འཁོར་ལས་བྱེད་པས་འཁྱེར་དུ་མ་བཅུག
སིཾདྷུ་ཏཱ་ཨཱྀས་མེ་འཁོར་ས་ཚིགས་དང་སྲང་ལམ། དགོན་འདབས། ཟ་ཁང་། གད་སྙིགས། མེ་འཁོར་ནང་བཅས་ནས། བཟའ་བཅའ་དང་དངུལ་ཐབས་འཚོལ་བྱས་ཏེ། རྒྱུན་དུ་མོའི་མཐོང་ས་ན་རྒྱུ་བའི་བྱིས་པ་དྭ་ཕྲུག་རྣམས་ལ་ཅི་ཐུབ་ཀྱིས་བཟའ་བཏུང་གི་འཚོ་བ་སྦྱར་བས། བྱིས་པ་དྭ་ཕྲུག་དེ་དག་གིས་མོ་ལ་”ཨ་མ་”ཞེས་འབོད་ཅིང་། ཕ་མ་ལ་མི་དགོས་པར་གཡུག་པའི་བྱིས་པ་དང་། དྭ་ཕྲུག་ཇེ་མང་དུ་སོང་རིམ་བཞིན། སིཾདྷུ་ཏཱཨཱྀ་ཡི་རྡོག་ཁྲེས་ཀྱང་ཇེ་ལྕིར་འགྲོ་གི་ཡོད་པས། སློང་ཡང་སྔར་ལས་མང་བ་བྱེད་དགོས་པར་གྱུར།
སིཾདྷུ་ཏཱཨཱྀས་མོ་ལ་འཁོར་བའི་དྭ་ཕྲུག་རྣམས་ཀྱང་། རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དང་ཁྱད་མེད་དུ་གཉོར་རྒྱུའི་ཡི་དམ་བཅས། བྱིས་པ་དྭ་ཕྲུག་ཇེ་མང་དུ་སོང་རིམ་བཞིན། མེ་འཁོར་ས་ཚིགས་དང་དུར་ཁྲོད་དུ་གནས་བཅའ་བ་སྟབས་མ་བདེ་ནས། རྒྱུན་དུ་མེ་འཁོར་ནང་སློང་རྒྱག་སྐབས་མཐོང་བའི་ཅི་ཁལ་ད་རཱ་(Chikhaldara)ཞེས་པའི་ས་ཆ་དེར་གཞི་བཅས། སྐབས་ཤིག་དགེ་རྩ་ཁང་ཞིག་གིས་བྱིས་པ་ཞིག་བསླངས་པར། བྱིས་པ་གཞན་ཞིག་སྤྲད་ན་སེམས་ཕམ་དྭོགས་ཀྱིས། རང་གི་ཤ་ལས་མཆེད་པའི་བུ་མོ་མཱམ་ཏ་སྤྲད།
མོས་སློང་བརྒྱབ་ནས་ཅི་ཞིག་རག་པ་དེ། དྭ་ཕྲུག་བྱིས་པ་རྣམས་དང་མཉམ་སྤྱོད་བྱེད་བཞིན། བྱིས་པ་རྣམས་ཀྱི་སྡོད་གནས་དང་སློབ་སྦྱོང་ཡག་པོ་ཞིག་ཡོང་བར། སློང་ཤུགས་ཆེ་རུ་བཏང་། སིཾདྷུ་ཏཱཨཱྀས་གང་སར་བཟའ་བཏུང་སློང་བ་ལས་གཞན། ཟ་ཁང་། ཚོང་ཁང་། ཕྱོགས་འགྲུལ་བ། མཆོད་མཇལ་བ་སོགས་ལ་རྒྱུ་མཚན་བཤད་དེ། བྱིས་པ་རྣམས་ལ་སློབ་སྦྱོང་ཡག་པོ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ཏེ། འདས་པའི་ ༥༠ ལྷག་གི་ནང་སིཾདྷུ་ཏཱཨཱྀས་བྱིས་པ་བདག་མེད་ ༡,༤༠༠ ལྷག་གསོ་སྐྱོང་བྱས་ཡོད་པ་ལས། དྭ་ཕྲུག་ ༡༠༠༠ ལྷག་གི་ཨ་མ་ཡིན།
ད་ཆ་སིཾདྷུ་ཏཱཨཱྀས་གསོ་སྐྱོང་བྱས་པའི་བྱིས་པ་དེ་དག་ལས་འབུམ་རམས་པ་དང་། སྨན་རམས་པ། སྨན་ཞབས། དཔལ་འབྱོར་རིག་པ་བ། ཁྲིམས་རྩོད་པ། དགེ་རྒན་དང་དགེ་རྒན་ཆེན་མོ་བ་ཧ་ཅང་མང་པོ་ཐོན་ཡོད་པར་མ་ཟད། སིཾདྷུ་ཏཱཨཱྀ་ཚང་ལ་མག་པ་ ༢༨༢ དང་། མནའ་མ་ ༤༨། ཚ་བོ་ ༣༠༠ ལྷག་ཡོད།
སིཾདྷུ་ཏཱཨཱྀས་གཉོར་སྐྱོང་བྱས་པའི་བྱིས་པ་དྭ་ཕྲུག་རྣམས། ད་ལྟ་ཁྱིམ་ཚང་གི་བདག་པོར་གྱུར་ཡོད་ཀྱང་། སིཾདྷུ་ཏཱཨཱྀ་ལ་སྐྱེད་བྱེད་ཀྱི་ཨ་མ་དངོས་ལྟར་འདང་བརྩེ་ཆེ་བར་མ་ཟད། ཨ་མའི་ལས་གཞི་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། སིཾདྷུ་ཏཱཨཱྀ་དང་མོའི་བུ་ཕྲུག་ཚོས་མུ་མཐུད་བྱིས་པ་བདག་མེད་དང་། དྭ་ཕྲུག་གཉོར་སྐྱོང་བྱེད་བཞིན་ཡོད།
སིཾདྷུ་ཏཱཨཱྀས་”ང་ཕྱི་ལ་བསྐྱུར་རྗེས་ཤུགས་ཆེན་པོར་གྲངས་མེད་ངུས་ཞིང་། རང་གི་འཚོ་བ་ལ་གདོང་ལེན་བྱེད་མི་ཐུབ་པའི་སྐབས་མང་པོར་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་མྱོང་། ཡིན་ན་ཡང་ཉིན་ཞིག་ངའི་མི་ཚེའི་སྙིང་པོ་དེ་བྱིས་པ་དྭ་ཕྲུག་ཚོ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རྟོགས་ནས། ངས་ངུས་མཚམས་བཞག་ནས་བྱིས་པ་དྭ་ཕྲུག་ཚོའི་མཉམ་དུ་འཚོ་བ་སྐྱེལ། ཉི་མ་དེ་ནས་བཟུང་བྱིས་པ་དེ་དག་ལ་ཨ་མ་ཟེར་ས་ཞིག་ཡོད་སོང་བ་དང་། དེ་ནས་བཟུང་ངས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དང་། ཐང་ནས་རྙེད་པའི་བུ་ཕྲུག་ཚོ་བྱམས་བརྩེས་འདྲ་མཉམ་དུ་སྐྱོང་བ་ལས། ཁྱད་པར་ཨེན་ཙམ་ཡང་བཏོད་མ་མྱོང་། ད་ཆ་ང་ལོ་ ༧༠ (ད་ལོ་ལོ་ ༧༢ ཡིན།) ཡིན་ན་ཡང་ད་དུང་སློང་མོ་བྱེད་ཀྱི་ཡོད། མི་འདྲ་བ་ནི་ངས་དགོན་འདབས་དང་སྲང་ལམ་ནས་སློང་མོ་བྱེད་མི་དགོས་པ་དེ་ཡིན། ངས་མི་དམངས་ལ་གཏམ་བཤད་བྱས་ཏེ། ངའི་བྱིས་པ་ཚོའི་ཆེད་དུ་དངུལ་སློང་གི་ཡོད། ནམ་ཞིག་ང་ལ་གཏམ་བཤད་ཀྱི་གོ་སྐབས་རག་ན། དེ་དང་མཉམ་དུ་ཐོབ་ཆ་ཞིག་ཀྱང་སྟེར་གྱི་འདུག་པ་དེ། དྭ་ཕྲུག་གསོ་སྐྱོང་ཁང་གི་རྒྱུན་གྲོན་གཙོ་བོ་ཆགས་ཡོད་”ཅེས། དངུལ་མདོག་གི་སྐྲ་ལོ་ཅན་གྱི་སིཾདྷུ་ཏཱཨཱྀས་བཤད།
སིཾདྷུ་ཏཱཨཱྀ་ལ་རྒྱ་གར་དབུས་གཞུང་གི་མི་སེར་གཟེངས་རྟགས་ཆེ་ཤོས་དེ་ཐོབ་སྐབས། ”ང་ནི་རང་གི་ཕ་མ་ལ་མི་དགོས་པའི་བྱིས་པ་ཞིག་ཏུ་གྱུར་རྗེས་ཀྱི་མྱོང་ཚོར་ལས་ཞི་བདེ་ཞེས་འབོད་ཀྱི་ཡོད། ང་ལོ་རིམ་ ༤ པ་ནས་སློབ་སྦྱོང་བྱེད་མི་ཆོག་པ་དང་། ལོ་ ༡༠ ཡི་ཐོག་རང་ལས་ལོ་ལྡབ་གསུམ་གྱིས་ཆེ་བའི་ཕྱུགས་འཚོ་མཁན་ཞིག་ལ་གཉེན་སྒྲིག་ཏུ་བཅུག ང་ལ་མངལ་ཡོད་པའི་སྐབས་སུ་ཁྱོ་གས་སེམས་ཁྲལ་མེད་པར་ཕྱི་ལ་སྤྱུགས། དེ་ལྟར་ངས་དཀའ་ངལ་ཡོད་ཚད་ལ་གདོང་ལེན་བྱས་ནས་རང་སྲོག་འཚོ་ཐབས་བྱས། རྒྱལ་ཁབ་འདིའི་སྲིད་འཛིན་གྱིས་ངའི་བྱས་པ་ངོས་བཟུང་བ་ནི་ཆེ་བསྟོད་ཆེན་པོ་ཞིག་ཡིན་པས། ང་སྐྲོད་མཁན་གྱི་ནང་མི་དང་སྤྱུག་མཁན་གྱི་ཁྱོ་ག་བཅས། ང་ལ་བརྙས་བཅོས་དང་ཐུབ་ཚོད་གཏོང་མཁན་ཚང་མས་རྟེན་འབྲེལ་ཞུ་ཡི་འདུག་”ཅེས་འཛུམ་མདངས་ཆེན་པོ་ཞིག་དང་བཅས་ཏེ་བཤད།
གསར་འགོད་པས་”ཁྱོད་ཀྱིས་ཁྱོ་ག་ལ་བཟོད་བཞེས་བྱས་ཡོད་དམ་”ཞེས་དྲིས་པར། ཞི་འཇམ་ལྷོད་དལ་གྱིས་“ཡོད་”ཅེས་ལན་སྟབས་བདེ་ཞིག་བརྒྱབ་ནས། འདས་དོན་ཕྱིར་དྲན་བྱེད་བཞིན་”ཁོ་ཚོའི་ཡ་ང་སྙིང་རྗེ་མེད་པའི་སྤྱོད་པ་དེ་མེད་ཚེ། ང་དེ་རིང་གི་འདི་འདྲ་ཞིག་ཏུ་གྱུར་ཡོད་མི་སྲིད། ངའི་ཁྱོ་ག་མིག་ཆུ་ཛར་རེ་ངའི་མདུན་ལ་ཡོང་དུས། ངས་ཁོ་ལ་ཡིད་ཚིམ་པའི་སྣེ་ལེན་བྱས་པ་ཡིན། ངས་རང་ཉིད་ཕྱིར་དྲན་བྱས་པར་སེམས་སུ། འདས་པའི་ལོ་མང་གོང་ངུ་མཁན་དེ་ང་ཡིན་པ་དང་། ད་ལྟ་ངུ་མཁན་དེ་ཁོ་རེད་སྙམ། དཀོན་མཆོག་གིས་དྲང་བདེན་བྱས་པ་ཚོར། ཡིན་ན་ཡང་ངའི་སེམས་སུ་ཁོ་ཡ་ང་བའི་གནས་སུ་ལྷུང་བར་དགའ་མི་འོས་ཏེ། གང་ལགས་ཤེ་ན། ཁོས་ང་སྤྱུགས་མེད་ཚེ། ང་བྱིས་པ་ ༡,༠༠༠ གི་ཨ་མར་ཇི་ལྟར་འགྱུར། ང་རྒྱལ་ཁབ་ ༡༧ ནང་ལ་བསྐྱོད་ནས་གཏམ་བཤད་ཇི་ལྟར་བྱེད་སྙམ། དེར་བརྟེན་ངས་ཁྱོ་ག་ལ་ཁྱོད་ངུ་མི་དགོས། ངས་ཁྱོད་ལ་བཟོད་བཞེས་བྱས་ཡོད། ཁྱོད་ཡོང་ནས་ངའི་བྱིས་པ་ཚོའི་ཁང་པར་བསྡད་ཆོག་ཅེས་བཤད་པ་ཡིན། ཁོ་ནད་གཅོང་དུ་གྱུར་འདུག་པས་ལྟ་རྟོག་བྱེད་དགོས་ཀྱི་འདུག ཡིན་ན་ཡང་ངས་ཁོ་མ་བླངས་གོང་ངའི་བྱིས་པ་ཚོའི་མཉམ་དུ་ངའི་བྱིས་པ་ལྟར་སྡོད་དགོས་པ་ལས། ངའི་ཁྱོ་ག་ཡིན་སྙམ་གྱིས་བསྡད་མི་ཆོག་ཅེས་ཆ་རྐྱེན་བཏོན་པ་ཡིན། ང་བྱིས་པ་ ༡,༠༠༠ གི་ཨ་མ་བྱེད་ཐུབ་ན། ཁོའི་ཨ་མ་ཡང་བྱེད་ལོས་ཐུབ་”ཅེས་བཤད།
ད་ལྟ་སིཾདྷུ་ཏཱཨཱྀ་ལ་དྭ་ཕྲུག་ཁང་བཞི་ཡོད་པ་ལས། གཅིག་ལ་བུ་མོ་མཱམ་ཏས་ལྟ་རྟོག་བྱེད་ཀྱི་ཡོད། མཱམ་ཏས་”ང་སྨན་རམས་པ་ཆགས་རྗེས་ཨ་མ་ལགས་ལ་ལྟ་རུ་སོང་ནས། ངས་ཀྱང་ཨ་མ་བཞིན་བྱིས་པ་དྭ་ཕྲུག་གཉོར་སྐྱོང་བྱ་འདོད་ཡོད་ཚུལ་བཤད་པར་མོས་དགག་བྱ་མ་གནང་། ཨ་མ་ལགས་ཀྱིས་ང་ལ་མོའི་བདེ་ཐང་དང་བྱིས་པ་ཚོའི་འཚོ་བ། སློབ་སྦྱོང་སོགས་ཀྱི་ཐད་ལ་སེམས་ཁྲལ་མ་བྱེད་ཟེར། ངས་ཨ་མའི་བསླབ་བྱ་ལ་ཉན་པ་དང་། ཨ་མའི་མཛུབ་སྟོན་ལྟར་མོ་ལ་དྭ་ཕྲུག་གསོ་ཁང་འགའ་ཡོད་པ་ལས་གཅིག་གི་འགན་འཁྱེར་བཞིན་ཡོད། ཨ་མའི་བསླབ་བྱ་ལྟར་ང་མ་ཤི་བར་བྱིས་པ་དྭ་ཕྲུག་རྣམས་ལ་གཅེས་སྐྱོང་བྱ་རྒྱུ་ཡིན་”ཞེས་དགེ་སེམས་དང་། ཡིད་ཆེས། གདེང་ཚོད་ཡོད་པའི་ངོ་གདོང་ནས་འཛུམ་རིས་ཡིད་དུ་འོང་བ་ཞིག་སྟོན་བཞིན་བཤད།
སིཾདྷུ་ཏཱཨཱྀས་བྱིས་པ་དྭ་ཕྲུག་རྣམས་གཅེས་སྐྱོང་བྱས་པ་ཙམ་དུ་ཟད། གྲོང་སྡེ་དང་གྲོང་སྡེ་ལ་བསྐྱོད་ནས། བྱིས་པ་སློབ་གྲྭར་གཏོང་དགོས་པ་དང་། ཕ་མས་བྱིས་པར་གཅེས་སྐྱོང་བྱེད་དགོས་པ། ལོ་ཚད་མ་ལོན་པའི་བུ་མོ་རྣམས་གཉེན་སྒྲིག་བྱེད་མི་རུང་བའི་ཁ་ཏ་སློབ་གསོ་བྱེད་པ། དབུས་གཞུང་གི་ལས་ཁུངས་དང་འབྲེལ་ཡོད་མི་སྣ། ས་གནས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཡོད་མི་སྣ་ཁག་ལ་ཐུག་ནས། ལོ་ཚད་མ་ལོན་པའི་བུ་མོ་རྣམས་གཉེན་སྒྲིག་མི་ཆོག་པའི་ཁྲིམས་ལུགས་ནན་ཏན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་དང་། ཞུ་གཏུག་ཡི་གེ་འབུལ་བ་སོགས། མི་ཚེ་ཧྲིལ་བོ་བྱིས་པ་དྭ་ཕྲུག་དང་བདག་མེད་ཚོའི་ཆེད་དུ་བློས་གཏོང་བྱས་པའི་རླབས་ཆེན་གྱི་སྐྱེད་མ་ཞིག་ཏུ་གྱུར་ཡོད།
དྲྭ་གྲོགས་ཚོས་གལ་ཏེ་རླབས་ཆེན་གྱི་སྐྱེད་མ་འདིའི་མི་ཚེ་བརྒྱུད་རིམ་ལ་ཞིབ་ཚགས་ཤིག་ཤེས་འདོད་ན། མོའི་ལོ་རྒྱུས་གློག་བརྙན་«ངོ་མཚར་བའི་འགྲུལ་བཞུད་ཀྱི་འཚོ་བའི་ནང་གི་སིཾདྷུ་ཏཱཨཱྀ་སཔ་ཀཱལ་»(An amazing journey of survival. Mee Sindhutai Sapkal)ལ་གཟིགས་པར་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།