(མར་རྔོག་དབྱར་ཆོས་ཆེན་མོ་ལས་གསང་སྔགས་ཀྱི་བྱུང་བ་ཞེས་པའི་རེག་ཟིན།)
སྟོང་དཔོན་བསོད་ནམས་ཡར་འཕེལ་གྱིས་བརྩམས།
ཡོང་ཁུངས།: འོད་འཛིན་རྩོམ་རིག་འཕྲིན་སྟེགས།
འུ་ཅག་གི་ནང་བསྟན་ཤེས་རིག་གི་མ་ཡུལ་རྒྱ་གར་ཡིན་པས། རྒྱ་གར་ཤེས་རིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་རྣམས་ནི། ནང་བསྟན་ཤེས་རིག་གི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད་པར་ཆགས་ཡོད། དེར་བརྟེན་རྒྱ་གར་ཤེས་རིག་ལོ་རྒྱུས་ཀྱི་སྤྱི་སྡོམ་ཞིག་བློ་ལ་ངེས་པ་ཤིན་ཏུ་གལ་འགངས་ཆེ་བར་བསམ་སྟེ། ཐེངས་འདིར་རྒྱལ་དབང་ཀརྨ་པ་མཆོག་གིས་«གསང་སྔགས་ཀྱི་བྱུང་བ་»ཞེས་པའི་གསུང་ཆོས་ཀྱི་སྤྱི་ཆིངས་ལ། རྒྱ་གར་ཤེས་རིག་གི་ལོ་རྒྱུས་རྣམས་དུས་རབས་ཆེན་པོ་བཞི་ཡི་ཁུངས་སུ་བསྡུས་ནས་བཀའ་ཁྲིད་མཛད་ཡོད་པ་དེ། ཡིག་ཐོག་ཏུ་རེག་ཟིན་ཞིག་འགོད་ཐུབ་ན་རང་གཞན་གཉིས་ལ་སྨན་པར་དྲན།
དེ་དག་ལས་དུས་རབས་དང་པོ་ནི། ཕྱི་ལོ་སྔོན་གྱི་དུས་རབས་ ༣༢ ནས་ ༡༦ བར་བྱུང་པའི་སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་ཡིན་ཞིང་། འདི་ལ་ཧ་ར་བྷའི་ཤེས་རིག་དང་། ཧིན་དྷུ་ལུང་ཤུར་གྱི་ཤེས་རིག་ཀྱང་ཟེར། དེ་ལ་ནང་གསེས་སུ་དབྱེ་ན། ཕྱི་ལོ་སྔོན་གྱི་དུས་རབས་ ༣༢ ནས་ ༡༨ བར་ལ་བྱུང་བའི་སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་སྔོན་མ་དང་། ཕྱི་ལོ་སྔོན་གྱི་དུས་རབས་ ༡༨ ནས་ ༡༦ བར་ལ་བྱུང་བའི་སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་རྗེས་མ་ཞེས་གཉིས་སུ་ཡོད། ཤེས་རིག་འདིའི་འབྱུང་ཁུངས་སྐོར་ལ་སྔོན་མཁས་པ་ཚོས་རྒྱ་གར་ཕྱི་ལོགས་ནས་བྱུང་བར་བཤད་མོད། དེང་སྐབས་ཀྱི་མཁས་པ་ཚོས་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་ཅིག་ཡིན་པར་འདོད་བཞིན་ཡོད། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་ཏར་ཝེ་ཏར་(དྲ་ཝི་དྲ། མཆན།)མིའི་རིགས་ཡིན་པའི་ཚོད་དཔག་བྱེད་བྱས་ཡོད། ཤེས་རིག་འདི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་མེད་པར་གྱུར་ཚུལ་ལ། སྔོན་མར་ཨཱརྱན་ཚོས་མེད་པར་བྱས་པར་འདོད་མོད། དེང་སྐབས་ཀྱི་གནའ་རྫས་རྟོག་ཞིབ་པས་བཤད་ན། ཨཱརྱན་མི་རིགས་དེ་སིན་དྷུ་ཆུ་རྒྱུད་ཀྱི་ཤེས་རིག་ནུབ་རྗེས་སུ་རྒྱ་གར་ལ་འབྱོར་བ་ཡིན་པར་མ་ཟད། གནའ་རྫས་ཁྲོད་ནས་ཨཱརྱཎ་དང་སིན་དྷུ་གཉིས་ཀྱི་འཐབ་འཁྲུག་བྱུང་བའི་དཔང་རྟགས་གང་ཡང་རྙེད་མེད་པ་རེད། སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་ནུབ་རྐྱེན་དངོས་ནི་མུ་གེ་ཆེན་པོ་བྱུང་བའམ། གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་སོགས་ལས་ཡིན་པར་སེམས། འདི་ལས་ཕྱིས་སུ་བྱུང་བའི་ཤེས་རིག་རྣམས་ལ་ཕན་ཐོགས་ཆེན་པོར་གྱུར་ཡོད། དཔེར་ན། ཞིང་ལས་འདེབས་པ་དང་། ལག་ཤེས། ལྷ་ལ་དད་པ་བྱེད་པ་དང་། ལྷག་ཏུ་ལྷ་མོ་ལ་དད་མོས་བྱེད་པ་སོགས་བརྒྱུད་འཛིན་བྱུང་ཡོད་པ་རེད།
དུས་རབས་གཉིས་པ་ནི། ཕྱི་ལོ་སྔོན་གྱི་དུས་རབས་ ༡༦ ནས་ ༦ བར་ལ་བྱུང་བའི་རིག་བྱེད་ཤེས་རིག་གི་དུས་རབས་ཡིན། དེ་ལ་ནང་གསེས་སུ་དབྱེ་ན། ཕྱི་ལོ་སྔོན་གྱི་དུས་རབས་ ༡༥ ནས་ ༡༡ བར་བྱུང་བའི་རིག་བྱེད་དུས་རབས་སྔ་མ་ཡིན། འདི་ལ་པན་ཇབ་ཀྱི་དུས་རབས་ཀྱང་ཟེར། ཕྱི་ལོ་སྔོན་གྱི་དུས་རབས་ ༡༡ ནས་ ༦ བར་བྱུང་བའི་རིག་བྱེད་དུས་རབས་ཕྱི་མ་ཡིན། འདི་ལ་ལྟ་གྲུབ་དར་འཕེལ་གྱི་དུས་རབས་ཀྱང་ཟེར། རིག་བྱེད་ཤེས་རིག་གི་མགོ་འཛུགས་མཁན་ནི་ཨཱརྱན་རྣམས་ཡིན་ཞིང་། མི་རིགས་འདི་ནི་སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་ནུབ་རྗེས་ཀྱི་ལོ་བརྒྱ་ཕྲག་སོན་པའི་དུས་སུ་རྒྱ་གར་ཕྱི་ལོག་ནས་འོངས་པ་ཡིན་ཞིང་། གནས་དེར་སླེབས་རྗེས་རྒྱ་གར་གྱི་གདོད་མའི་མི་རྣམས་དང་འཐབ་འཁྲུག་བྱས་ནས། ཨཱརྱན་དག་གཡུལ་ལས་རྒྱལ་བར་བརྟེན། ཁོང་ཚོ་གཏན་སྡོད་བྱུང་བར་མ་ཟད། ཕྱི་ལོ་སྔོན་གྱི་དུས་རབས་ ༡༢ ནས་ ༡༡ བར་ཞིག་ལ་ཆུང་བོ་གང་གཱའི་འགྲམ་དུ་གནས་སྤོར་བྱས། དེ་ནས་ལྷག་ཏུ་སྔོན་གྱི་སིན་དྷུ་ཆུ་བརྒྱུད་ཀྱི་ཤེས་རིག་དང་ཨཱརྱན་གཉིས་འདྲེས་པར་གྱུར།
རིག་བྱེད་ཤེས་རིག་ཐོག་མར་སྤེལ་སྐབས་ཡི་གེ་མེད་ཀྱང་། ཨརྱན་མི་རིགས་ཀྱི་ངག་ཐོག་བརྒྱུད་དེ་རྒྱུན་འཛིན་བྱས་པ་རེད། ཕྱིས་སུ་ཕྱི་ལོ་སྔོན་གྱི་དུས་རབས་ ༧ ནས་ ༦ པའི་སྐབས་སུ་གཞི་ནས་ཡི་གེ་བྱུང་བ་ཡིན་པས། རིག་བྱེད་ཤེས་རིག་སྔ་མའི་སྐབས་སུ་ངག་ཐོག་ནས་བརྒྱུད་འཛིན་དར་སྤེལ་བྱེད་པ་ལས། རིག་བྱེད་རྩ་གཞུང་ཡི་གེར་བཀོད་མེད་པ་ཤིན་ཏུ་གསལ།
འདིའི་སྐབས་སུ་མིའི་རིགས་ཀྱི་བསམ་བློ་ཡར་རྒྱས་ཕྱིན་ནས། རང་རང་གི་འདོད་བློ་སྐོང་བའི་ཤེས་བྱ་དར་སྤེལ་བྱས་ཚུལ་ནི། ངེས་བརྗོད་རིག་བྱེད། མཆོད་སྦྱིན་རིག་བྱེད། སྙན་ཚིག་རིག་བྱེད། སྲིད་སྲུང་རིག་བྱེད་དེ། རིག་བྱེད་ཀྱི་རྩ་གཞུང་བཞི་བྱུང་ཡོད་པར་མ་ཟད། གཞན་ཡང་བྲམ་ཟེའི་གཞུང་། ཉེར་གནས་ཀྱི་གཞུང་། སྙན་རྩོམ་ཆེན་མོ་གཉིས། རྟོག་གེ་སྡེ་དྲུག་སོགས་ལྟ་གྲུབ་ཡོད་པའི་ཤེས་རིག་མང་དུ་འཕེལ་བར་གྱུར་ཡོད།
དུས་རབས་གསུམ་པ་ནི། ཕྱི་ལོ་སྔོན་གྱི་དུས་རབས་ ༦ པའི་མཇུག་ཙམ་ལ་བྱུང་བའི་ནང་བསྟན་ཤེས་རིག་ཡིན་ཞིང་། དེ་ལ་ནང་གསེས་སུ་དབྱེ་ན། ཕྱི་ལོ་སྔོན་གྱི་དུས་རབས་ ༣ ནས་ ༢ བར་བྱུང་བའི་གདོད་མའི་ནང་བསྟན་དང་། ཉན་ཐོས་སྡེ་བ་རྣམས་སོ་སོར་གྱེས་རྗེས་ཀྱི་ནང་བསྟན་སྡེ་པ་གཉིས་སུ་ཡོད། ནང་བསྟན་ཤེས་རིག་གི་ཤིང་རྟའི་སྲོལ་འབྱེད་མཁན་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན། ཤེས་རིག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ལ་རིགས་རུས་མཐོ་དམན་གྱི་ཁྱད་པར་དང་། མི་རིགས་ཀྱི་དབྱེ་བ་སོགས་གང་ཡང་མེད། ཕྱིས་སུ་རྒྱ་གར་གྱི་རྒྱལ་བློན་བྱང་སེམས་རྣམས་ཀྱིས་སྐུ་དྲིན་ལ་བརྟེན་ནས། ནང་བསྟན་དེ་འཛམ་གླིང་ཆོས་ལུགས་སུ་གྱུར་སོང་བ་རེད།
དུས་རབས་བཞི་པ་ནི། ཕྱི་ལོ་དུས་རབས་བཅུ་གསུམ་གྱི་སྐབས་སུ། པ་ཅི་སན་སོགས་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱས་པར་བརྟེན་ནང་བསྟན་ཉམ་རྒུད་ཕྱིན། དེ་ལ་རྒྱ་གར་གྱི་ནང་བསྟན་ནུབ་པའི་དུས་རབས་ཞེས་འབོད་པ་ཡིན། ལྷག་ཏུ་ཕྱི་ལོ་ ༡༢༨༥ སྐབས་སུ་སོག་པོ་ཐེ་མིར་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་ནས་ནང་བསྟན་རྩ་གཏོར་བྱས་པ་རེད།
མདོར་ན་རིགས་ཀྱི་བུའམ་བུ་མོ་དག་ལེགས་པར་གསོན་དང་། སྔར་འདས་ཀྱི་ལོ་རྒྱུས་ལ་བསམ་ནའང་། འགོས་ལོ་གཞོན་ནུ་དཔལ་བ་དང་དཔའ་བོ་གཙུག་ཕྲེང་སོགས་ལོ་རྒྱུས་སྨྲ་བ་གྲགས་ཆེན་ཕལ་མོ་ཆེ་དེ། འགྲོ་མགོན་བཀའ་བརྒྱུད་པར་ཆགས་འདུག་ལ། དེ་བཞིན་དུ་ད་ལྟའི་ཆ་འདིར་ཡང་རྒྱལ་མཆོག་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཉིན་ཧྲིལ་པོ་བཅོ་ལྔ་དང་། ཉིན་རེར་དུས་ཚོད་གཉིས་ཀྱི་ཡུན་ལ་སྔོན་མེད་ཀྱི་ལེགས་བཤད་རྒྱ་གར་ཤེས་རིག་གི་ལོ་རྒྱུས་གསར་བ་ཞིག་བསྩལ་བ་ནི། བཙལ་ཀྱང་རྙེད་པར་དཀའ་བར་སེམས་ཏེ། ད་ཐེངས་ཁོ་བོ་ལྟ་བུ་ལེ་ལོ། སྒྱིད་ལུག སྙོམ་ལས་པ་ཞིག་གིས་ཀྱང་། སློབ་གཉེར་བྱེད་ཞོར་དུ་ཉིན་རེར་དུས་ཚོད་གཉིས་རེ་བཏང་ནས་མཇུག་ལེགས་པར་བགྱིས། དེ་འདྲའི་གསུང་ཆོས་འདི་གཙིགས་སུ་འཛིན་དགོས་དོན་ནི། མཁས་པ་ལྡེའུ་རྒྱལ་པོས་མཛད་པའི་ཆོས་འབྱུང་རྒྱས་པ་ལས། སྟོན་པ་དང་དེས་གསུངས་པའི་ཆོས་གཉིས་ཀྱི་ལོ་རྒྱུས་སམ་ཆེ་བའི་ཡོན་ཏན་ནམ། དཀའ་སླ་བ་ཕན་ཡོན་ཆ་མེད་པས། ཆོས་ལ་མ་དད་པའམ་མ་གུས་པར་འགྱུར་ལ། དེ་དག་ལ་གུས་ཤིང་དད་པར་བྱ་སྟེ་དེ་ལ་འཇུག་པའི་ཕྱིར། སྟོན་པ་དང་དེས་གསུངས་པའི་ཆོས་ཀྱི་ཡོན་ཏན་བརྗོད་དགོས་པས། སངས་རྒྱས་ལུགས་དང་། ཆོས་གསུང་ལུགས་སྔོན་དུ་བསྟན། ཞེས་གསུངས་པ་འདི་ལས་མ་འདས་སོ།།
ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༢༢ ཉིན་སྟོང་དཔོན་བསོད་ནམས་ཡར་འཕེལ་གྱིས་བྲིས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།