རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 18 November 2021

༈ ཆོས་རྗེ་ཀུན་མཁྱེན་དོལ་པོ་ལ་བསྔགས་པ་གཞོམ་མེད་སྒྲ་དབྱངས་ཞེས་བྱ་བ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

མཁྱེན་པ་གཉིས་ལྡན་ལྟ་ངན་མུན་པ་བསལ། །
དོན་གཉིས་ལྷུན་གྲུབ་རྫོགས་ལྡན་ཆོས་འཁོར་བསྐོར། །
ཕྱོགས་དུས་རྒྱལ་བ་སྲས་བཅས་ཕྲིན་ལས་བསྒྲུབས། །
ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །

འཛམ་གླིང་མཛེས་པའི་རྒྱན་དྲུག་རྣམ་དཔྱོད་དང་། །
རྣལ་འབྱོར་བརྒྱད་ཅུའི་གྲུབ་པའི་ཡོན་ཏན་རྣམས། །
གཅིག་ཏུ་བསྡུས་པ་ཀུན་མཁྱེན་ཆེན་པོ་ཞེས། །
ཐུབ་མཚན་འཆང་བའི་དགེ་སློང་དེ་ལ་འདུད། །

ཆོས་ཀྱི་རྒྱལ་པོར་དབང་བསྐུར་རྒྱལ་བའི་ལུང་། །
ཐོད་དུ་བཅིངས་ནས་ཁ་བ་ཅན་གྱི་ལྗོངས། །
རི་བྲག་ཁྲོད་དུ་འཁོར་ལོས་སྒྱུར་བ་བཞིན། །
མི་སྲིད་པ་ཡི་ཡ་མཚན་ཆེན་པོ་བྱོན། །

འཕོ་མེད་ཚུལ་ཁྲིམས་བདེ་བས་ལུས་གང་ཞིང་། །
ཟག་མེད་ཏིང་འཛིན་སྒོ་བརྒྱའི་ལང་ཚོས་སྒེག །
དྲི་མེད་ཤེས་རབ་ཟབ་མོའི་ཤ་ཚུགས་རྒྱས། །
ཐུབ་དབང་གཉིས་པ་ཐུབ་པའི་རྒྱལ་མཚན་འཛིན། །

ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས་པ་ཡིས། །
ཀུན་མཁྱེན་གྲགས་ལྡན་ཀུན་གྱི་བླ་མ་རུ། །
རྒྱལ་ཚབ་གཅིག་པུར་རྒྱལ་བས་མངའ་གསོལ་ཕྱིར། །
འཇིགས་མེད་གྲགས་པ་འཇིག་རྟེན་གསུམ་ན་འབར། །

ཆོས་དང་དོན་དང་ཡེ་ཤེས་ངེས་དོན་ལ། །
དབང་ཐོབ་སྐྱེས་བུ་ཆོས་ཀྱི་ཉིན་བྱེད་ནི། །
གང་ཟག་ཚིག་སོགས་སྲིན་བུའི་སྒྲོན་མེ་ལ། །
མི་རྟོན་རྟོན་པ་བཞི་ལྡན་མཚན་གྱིས་ལྕི། །

འཁོར་ལོ་གསུམ་པོ་དགོངས་དོན་གཅིག་ཏུ་བསྒྲུབས། །
དྲང་ངེས་གཉིས་ཀྱི་གཤག་རལ་ཆེན་མོ་ཕྱེས། །
གངས་ཅན་ལྗོངས་སུ་བཀའ་བསྡུ་བཞི་བ་མཛད། །
བདེ་གཤེགས་ལུང་ཆེན་ཚད་མར་ཞལ་བཞེས་སོ། །

ཐེག་མཆོག་ཕྱིར་མི་ལྡོག་པའི་ཆོས་འཁོར་བསྐོར། །
མདོ་སྔགས་མཚམས་སྦྱོར་དབུ་མའི་ལམ་སྲོལ་དབྱེ། །
རྒྱུད་དོན་མཐར་ཐུག་གསང་བའི་མཛོད་ཁང་དུ། །
སྐལ་བཟང་རྣམས་ཀྱང་རང་དགར་སྤྱོད་པར་མཛད། །

གྲུབ་པ་ཡོངས་ཀྱིས་ཐུགས་མཚོར་རྒྱས་བཏབ་ཅིང་། །
མཁས་པ་ཕལ་གྱིས་རང་དབང་མ་བརྙེས་པ། །
རྒྱལ་བའི་དགོངས་ཟབ་དྲི་མེད་བཻ་ཌཱུརྱ། །
ཁྱོད་དང་མ་ཕམ་པ་ལས་སུ་ཞིག་སྤྱོད། །

བ་སྤུའི་མཐར་ཐུག་གཞོམ་མེད་བདེ་བ་སྤྲོ། །
ཀུན་རྟོག་སྲོག་རྩོལ་རྒྱུ་བ་མཐའ་དག་འགག །
ཡེ་ཤེས་རིག་མའི་བདག་པོ་རྡོ་རྗེའི་ལུས། །
པད་དཀར་འཆང་དང་ཐ་དད་འབྱེད་ཆོས་གང་། །

ཕྱོགས་ཞེན་ཁེངས་པས་བསླད་པ་མ་གཏོགས་པ། །
སེམས་ལྡན་སུ་ཞིག་ཁྱོད་ལ་གུས་མི་བྱེད། །
ཁྱོད་ནི་བླ་མ་ཁྱོད་ནི་སྟོན་པ་ཉིད། །
ཁྱོད་དང་འདྲ་བའི་བཤེས་གཉེན་ཡོངས་མེད་དོ། །

ཁྱོད་ཀྱི་རྣམ་ཐར་བསམ་མི་ཁྱབ་པ་ལ། །
བདག་གཞན་འགྲོ་བས་བདེ་བླག་འཇུག་ནུས་ཏེ། །
སྲས་དང་བཅས་པའི་རྒྱལ་བ་རྒྱ་མཚོ་ཡི། །
དགོངས་པ་མཐའ་དག་མྱུར་ཏུ་སྐོང་གྱུར་ཅིག །

འགྲོ་འདིས་ཆོས་ཉིད་མཐོང་བའི་སྐལ་མེད་ཀྱང་། །
རྒྱལ་བའི་ཡེ་ཤེས་ཡོད་པར་ཡིད་ཆེས་ནས། །
ཕྱུགས་དང་འདྲ་བའི་བློ་གྲོས་ངན་པ་ཡིས། །
མཐོ་རིས་རྟེན་བཟང་ཆུད་གསན་མ་གྱུར་ཅིག །

ཆགས་ཐོགས་མེད་པའི་ཡེ་ཤེས་རྡོ་རྗེ་ཡིས། །
འཇིགས་ཚོགས་ལྟ་བའི་རི་བོ་ཀུན་བཅོམ་སྟེ། །
དོན་དམ་མཁའ་ཁྱབ་ཡེ་ཤེས་རྒྱལ་ཁམས་སུ། །
ཕྱིར་མི་ལྡོག་པའི་སྒྲ་དབྱངས་སྒྲོག་པར་ཤོག །

ཅེས་པའང་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པར། ཀུན་མཁྱེན་རྒྱལ་བ་གཉིས་པ་འོད་གསལ་མཁའ་ཁྱབ་ལ་སྙོམས་པར་ཞུགས་པའི་དུས་དྲན་གྱི་མཆོད་པར། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ་གནས་པ་དང་རྗེས་སུ་འབྲེལ་བར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ། སྐྱེ་བ་ཐམས་ཅད་དུ་ཆོས་རྗེ་ཐམས་ཅད་མཁྱེན་པས་རྗེས་སུ་བཟུང་ནས། རྡོ་རྗེ་བཞི་དང་དབྱེར་མེད་དུ་འགྲུབ་པར་གྱུར་ཅིག།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།