རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 21 November 2021

ཨ་ཅེ°ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱ།

འཇམ་དབྱངས་དཀར་པོ།

སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༢ ཉིན།

     འཇུད་མཐུན་མ་ནི་དེང་སང་གི་ཚིག་ལྟར་ན། གཞང་ཚོང་མ་དང་སྨད་ཚོང་མའི་དོན་རེད། མིའི་སྤྱི་ཚོགས་དེ་ཕོ་མོ་གཉིས་ཀྱིས་གྲུབ་པ་ནས། འཚོ་བ་ལ་བཟང་ངན་ཤོར་བ་དང་། བྱ་བའི་ལམ་འགྲོ་ལ་ཡག་ཉེས་ཤོར་བ་ནས། འཚོ་ཚིས་ཞན་པའི་བུད་མེད་མང་པོ་ཞིག་རིམ་གྱིས་འཇུད་མཐུན་མའི་ལས་ལ་ཞུགས།

     འཇུད་མཐུན་མ་རྣམས་ཀྱིས་གཡོ་ཐབས་སྣ་ཚོགས་ལ་བརྟེན་ནས། སྐྱེས་པ་རྣམས་ལ་སྒྲོད་དུ་བཅུག་སྟེ་གླ་ལེན་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ། “འཇུད་མཐུན་མའི་ཁྱིམ་”ནི་རབ་བྱུང་འགྲོ་སའི་གནས་མིན་པ་དང་། ཚོང་པ་རྣམས་ཀྱང་ཕྱི་ལ་དོན་ཆེན་སྒྲུབ་ཏུ་འགྲོ་སྐབས། “ཆང་མའི་ཁྱིམ་དང་། འཇུད་མཐུན་མའི་གནས། རྒྱན་པོ་འགྱེད་པའི་གནས་”བཅས་ལ། འཛེམས་ཟོན་བྱེད་དགོས་པའི་སློབ་སྟོན་གནང་བ་རེད།

     གནའ་སྔོན་མ་སྔོན་མའི་འཇུད་མཐུན་མ་རྣམས་ཀྱི་རྒྱབ་ལྗོངས་ཅི་ཡིན་ཤེས་དཀའ་ཡང་། དེང་སང་གི་འཇུད་མཐུན་མའི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན།
གཅིག ཁྱིམ་གྱི་འཚོ་བའི་གནས་སྟངས་ཞན་དྲགས་པ།
གཉིས། གཞན་གྱིས་དབང་མེད་དུ་བྱེད་དུ་བཅུག་པ།
གསུམ། ལས་ཀ་གཞན་ལ་སྒྱིད་ལུག་པ།
བཞི། རང་ཉིད་འཁྲིག་བདེ་ལ་དགའ་ཞིང་། སྟབས་བདེར་དངུལ་གསོག་ཐུབ་པ།
ལྔ། ཁེར་རྐྱང་གིས་འཚོ་བར་རང་སྐྱ་མ་འཕེར་བ་བཅས་ཀྱི་ནང་དུ་འདུས་ཡོད་རབས་བཤད། 
ཡ་མཚན་པ་ཞིག་ལ་སྲོག་ཆགས་རིག་པའི་ཆེད་མཁས་པ་དག་གིས། ཟས་འཚོལ་དུ་འགྲོ་རྒྱུར་སྒྱིད་ལུག་པའི་གཅན་གཟན། དུད་འགྲོ། བྱའི་རིགས་ཀྱི་ནང་ན་ཡང་འཇུད་མཐུན་མ་ཡོད་པར་བཤད་པས། གཏམ་གསར་པ་རྣ་བས་གོ་ན་ཧང་མི་སངས་པ་ཅི་ལ་སྲིད།

     དུས་རབས་འདིའི་ནང་ཕྱོགས་གང་སར་སྐྱེས་པ་ཕོ་སྨད་ཚོང་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་ན། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་བུ་མོ་འཇུད་མཐུན་མ་ཇེ་མང་དུ་འགྲོ་བཞིན་པར། དེ་ཙམ་ཧ་ལས་དགོས་པ་ཞིག་མ་རེད་མོད། བསམ་མནོ་ཞིབ་ཏུ་བཏང་ན། དཔལ་འབྱོར་འགྲན་རྩོད་ཀྱི་འཁྲུག་ཆ་ཇེ་ཆེ། བཟང་སྤྱོད་ཇེ་ཞན། བསམ་ཕྱོགས་ཇེ་ལོད། དགེ་སེམས་རྨེག་མེད་དུ་འགྲོ་བཞིན་པའི་ལོ་ཟླ་འདི་དག་གི་ནང་། ས་ཁུག་ལུང་ཁུག་གི་ཤེས་ཡོན་དང་རྒྱབ་རྩ་མེད་པའི་བུད་མེད་རྣམས་ནི། ལྷག་པར་དུ་ཡང་སྐྱེས་པ་ཧམ་པ་ཅན་མང་པོ་ཞིག་གི་ལས་ཀ་དང་། འཁྲིག་སྤྱོད་ཅི་དགར་བརྟེན་སའི་བྲན་གཡོག་ཏུ་གྱུར་དང་འགྱུར་བཞིན་ཡོད།

     སྐྱེས་པ་སྨད་ཚོང་བ་ནི། སྤྱི་ལོའི་དུས་རབས་ ༡༧ ནང་ཨ་མེ་རི་ཀ་ནས་དར་ཏེ། ད་ལྟ་རོབ་རྩིས་བྱས་ན། འཛམ་གླིང་ཧྲིལ་བོར་སྐྱེས་པ་སྨད་ཚོང་མཁན་ས་ཡ་ ༨ ལྷག་ཡོད་པ་དང་། རྒྱ་ནག་གཅིག་པུར་སྐྱེས་པ་སྨད་ཚོང་པ་ ༥,༠༠,༠༠༠ ལྷག་ཡོད། བུ་མོ་སྨད་ཚོང་མ་ལས་སྐྱེས་པ་སྨད་ཚོང་པའི་ལས་ཀ་དཀའ་ཚེགས་ཆེ་བས། གོང་ཚད་ཀྱང་ལྡབ་ཀྱིས་ཆེ། དཔེར་ན། རྒྱ་ནག་གི་སྐྱེས་པ་སྨད་ཚོང་མཁན་ཚོས་ཟླ་རེར་རྒྱ་སྒོར་ ༤༠,༠༠༠ ལེན་ཐུབ་ཀྱི་ཡོད་ན་ཡང་། རྒྱ་ནག་ལ་བུད་མེད་སྨད་ཚོང་མ་ས་ཡ་ ༡༠ ལྷག་ཡོད་པ་བསྒྲོད་ཐེངས་རེར་རྒྱ་སྒོར་ ༦༠ ནས་ ༢,༥༠༠ བར་ཡིན་འདུག འཛམ་གླིང་ལ་བུད་མེད་དང་སྐྱེས་པ་སྨད་ཚོང་པ་བསྡོམས་པས་ས་ཡ་ ༤༢ ཡོད་པ་ལས་བརྒྱ་ཆ་ ༢༠ སྐྱེས་པ་སྨད་ཚོང་པ་ཡིན་འདུག

     བོད་ཀྱི་ཁྱིམ་མཚེས་བལ་ཡུལ་གྱི་ཡུལ་མི་བརྒྱ་ཆ་ ༣༨ ཉིན་རེར་ཨ་སྒོར་ ༡ ལ་བརྟེན་ནས་འཚོ་བ་རོལ་བཞིན་པ་དང་། བརྒྱ་ཆ་ ༨༢ ཉིན་ཉེར་ཨ་སྒོར་ ༢ རེ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། བལ་ཡུལ་གྱི་ཡུལ་མི་སྤྱིའི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་སྟབས། རོབ་རྩིས་བྱས་པ་ལྟར་ན། བལ་ཡུལ་ནང་འཇུད་མཐུན་མ་ ༦༧,༣༠༠ ཡོད་པར་མ་ཟད། ལོ་གཅིག་ལ་བུ་མོ་ ༢,༠༠,༠༠༠ ལྷག་རྒྱ་གར་ལ་བཙོང་གི་ཡོད་པར་ཡིད་ཆེས་བྱེད། མིའི་ཁྲིམས་འགལ་ཁྲོམ་རའི་ནང་ན་མནར་གཅོད་མྱོང་བཞིན་པའི་བུ་མོ་དེ་དག་ལོ་ ༡༡ ནས་ ༢༥ བར་ཡིན་པ་དང་། བུ་མོ་དེ་དག་ལས་ཕལ་ཆེ་བ་མེ་ཏོག་མ་ཡིན་པས། མིའི་ནག་ཚོང་རྒྱག་མཁན་ཚོས་གོང་ཆེན་པོ་བྱས་ནས་བཞང་ཁང་དང་། ཕྱུག་བདག ནག་ཚོང་རྒྱག་མཁན་གཞན་ལ་བཙོང་གི་ཡོད།

     བལ་ཡུལ་བུ་མོའི་ལས་དབང་ལ་སེམས་ཁུར་བྱེད་པའི་སྐྱེས་མ། ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱ°(Anuradha Koirala)ལ་མཚོན་ན། ཆུང་དུས་ནས་གཉེན་བསྒྲིགས་ཀྱང་། བཟའ་ཟླའི་བཙན་གཡེམ་དང་། ཚད་བརྒལ་བཅར་བརྡུང་སོགས་ལ་བརྟེན་ནས། མངལ་ཐེངས་མ་གསུམ་ཤོར་རྗེས། ཁྱོ་ག་དང་ཁྱིམ་ཚང་བཞག་ནས་ཡུལ་ངེས་མེད་ལ་སྦྲང་འཁྱམས་བྱས།

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱ°ནི། སྤྱི་ལོ་ ༡༩༤༩ ཟླ་ ༤ ཚེས་ ༡༤ ཉིན། ཕ°ཁོ་ལོ་ནེལ°པྲ་ཏཱཔ°སིངྷ°གྷུ་རུང°(Colonel Pratap Singh Gurung)དང་། མ°ལཀྴ་མི°གྷུ་རུང°(Laxmi Gurung)གཉིས་ཀྱི་བུ་མོར་སྐྱེས། ཕ་མ་དེ་གཉིས་ཀྱི་བྱིས་པ་ཐོག་མ་ཡིན། མོའི་ཕ་མ་ནི་སློབ་སྦྱོང་ཅན་གཉིས་ཡིན་པས། ཨེས་ཊི°ཇྷོ་སེཕ°བཙུན་མའི་སློབ་གྲྭར་(St.Joseph Convent School)འཛུལ་ཞུགས་བྱས། ཆུང་དུས་ནས་ཨ་མ་ཊེ་རེ་ས་(Mother Teresa)ཡི་མཛད་སྤྱོད་ཀྱིས་བག་ཆགས་གཏིང་ཟབ་བཞག

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས་བལ་ཡུལ་གྱི་རྒྱལ་ས་ཀཱ་ཋ་མཱཎྜུ་(Kathmandu)ནས། ལོ་ ༢༠ རིང་དགེ་རྒན་གྱི་བྱ་བ་བསྒྲུབས། ནངས་དགོང་དགོན་པར་མཆོད་མཇལ་ལ་འགྲོ་སྐབས། སྲང་ལམ་གྱི་སློང་བྱེད་མཁན་ཕལ་ཆེ་བ་བུད་མེད་དང་བྱིས་པ་ཡིན་པར་དོ་སྣང་བྱུང་སྟེ། བུད་མེད་འགའ་ལ་ཅིའི་ཕྱིར་སློང་བྱེད་དགོས་པའི་རྒྱུ་མཚན་དྲིས་པར་ཁྱོ་གའི་གནོད་འཚེ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་བརྟེན་ནས་སྤྲང་འཁྱམས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ཤེས། ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས་རང་ལ་ཁྱོ་གས་བཅར་བརྡུང་ཅི་བྱས་ཀྱི་མནར་གཅོད་དྲན་ནས། བུད་མེད་དེ་དག་སྙིང་རྗེ་ཞིང་། རོགས་མགོན་བྱ་རྒྱུ་དམ་བཅས།

     བུད་མེད་མང་པོ་ཞིག་ལ་རང་རྐྱ་ཐུབ་པའི་འཚོ་བ་སྐྱེལ་རྒྱུའི་སྤོབས་པ་མེད་པས། ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས་དགེ་རྒན་གྱི་ཟླ་ཕོགས་བསགས་དངུལ་ལས། ཉེར་མཁོའི་ཚོང་རྫས་ཙག་ཙིག་ཉོས་ནས། བུད་མེད་སློང་མོ་བ་དེ་དག་ལ་བཙོང་དུ་བཅུག ཟླ་རེར°ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱ°ལ་བལ་སྒོར་ ༡༠ ལས་སྤྲོད་མི་དགོས་པས། བུད་མེད་དེ་དག་གིས་རིམ་བཞིན་རང་སྟེང་ནས་འཚོ་བ་སྐྱེལ་རྒྱུའི་ཐབས་ཇུས་དང་སྤོབས་པ་རྙེད་དེ་ཚོང་ལས་གཉེར། ད་ལྟ་མང་པོ་ཞིག°ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱར་གང་ཅིའི་ཐད་ནས་རོགས་འདེགས་བྱེད་ཐུབ་མཁན་དུ་གྱུར་ཡོད།

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས་སྤྱི་ལོ་ ༡༩༩༣ ལོར་བལ་ཡུལ་གྱི་རང་གི་སྡོད་གནས་ལ་«ཨ་མའི་ཁྱིམ་»(Maiti Ghar)ཞེས་པ་ཞིག་བཙུགས་ནས། གནས་ངེས་མེད་དུ་འཚོ་བ་སྐྱེལ་མཁན་གྱི་སྲང་ལམ་དང་། དགོན་མཐའི་བུད་མེད་སློང་མོ་བ་གང་མང་མང་ལ་སྡོད་གནས་སྤྲད་ཅིང་འཚོ་བ་སྦྱར། དུས་དེ་ནས་བཟུང་བུད་མེད་སློང་མོ་རྣམས་ཀྱིས°ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱར་“ཨ་ཅེ་”(Diju)ཞེས་ཧ་ཅང་དགའ་གུས་བྱེད་ན་ཡང་། བུད་མེད་ལ་ལ་ཞིག་«ཨ་མའི་ཁྱིམ་»གྱི་སྒྲིག་འོག་ནས་འདུག་མ་བཟོད་པར། སྔར་བཞིན་སྲང་ལམ་ནས་སློང་བྱེད་དུ་སོང་།

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱ°ས་རིམ་བཞིན་«ཨ་མའི་ཁྱིམ་»རྒྱ་བསྐྱེད་ནས། «བལ་ཡུལ་ཨ་མའི་ཁྱིམ་»ལ་བསྒྱུར། བལ་ཡུལ་གྱི་སྲང་ལམ་དང་དགོན་མཐའི་སློང་མོ་བ་ཙམ་མིན་པར། གྲོང་གསེབ་ཁག་ནས་གཡོ་འོག་ཏུ་ཚུད་དེ། བལ་ཡུལ་ནང་ཁུལ་དང་། རྒྱ་གར་ལ་ཁྲིད་ནས་གཞང་བཙོང་དུ་འཇུག་པ། གཞང་ཁང་ལ་བཙོང་བ། འཁྲིག་སྤྱོད་ཀྱི་བྲན་ལ་བཀོལ་བཙོང་བྱེད་པ། ཟ་ཁང་དང་ཁྱིམ་ཚང་སོགས་སུ་ཡ་ང་བའི་གཡོག་ལས་ལ་བཀོལ་བ་སོགས་ནི། སེམས་བཟང་བ། བཟང་སྤྱོད་ཡོད་པ། སེམས་སྙི་མོ་ཅན་ཞིག་ཡིན་ཚེ། བྱ་བ་དེ་ལྟ་བུ་སྒྲུབ་རྒྱུ་ལྟ་ཅི། རྣ་བས་ཐོས་པ་ཙམ་གྱིས་ཤ་སྦྲིད། ལུས་འདར། སྤུ་གཟེང་བར་བྱེད་པ་སོགས། མི་སྤྱོད་ལས་འདས་པའི་སེམས་དང་ལུས་ཀྱི་མནར་གཅོད་མྱོང་བཞིན་པ་རྣམས། ལས་ཀའི་བྲན་གཡོག་དང་། འཁྲིག་སྤྱོད་བྲན་གཡོག་ལས་ཐར་ཆེད། བལ་ཡུལ་ནང་གི་ཉེན་རྟོག་པ་དང་། རྒྱ་གར་དང་བལ་ཡུལ་ས་མཚམས་ཀྱི་ཉེན་རྟོག་པ་ལ་མཉམ་འབྲེལ་བྱས་ཏེ། མགོ་སྐོར་དང་སླུ་ཐབས་ཀྱིས་ཉམ་ངའི་གནས་སུ་རྡེག་འཆའ་བའི་བུད་མེད་དང་། བྱིས་པ་རླུང་རྟ་ཅན་མང་པོ་ཞིག་བྲན་གཡོག་ལས་བསྐྱབས་དང་སྐྱོབ་བཞིན་ཡོད།

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས་དེ་དག་ཉམ་ངའི་གནས་སུ་གོམ་པ་སྤོ་བ་ལས་བསྐྱབས་པ་ཙམ་མིན་པར། དེ་དག་ལ་སྡོད་གནས། བཟའ་བཏུང་། སློབ་སྦྱོང་། ལག་ཤེས། ཆེད་ལས་སྦྱོང་བརྡར་སོགས་སྤྲད་དེ། མི་ཚེ་གསར་པ་ཞིག་ལམ་སྟོན་བྱས་དང་བྱེད་ཡོད། ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས། “བལ་ཡུལ་ཨ་མའི་ཁྱིམ་གྱིས། སྤྱི་ཚོགས་ལ་བཟང་ཕྱོགས་དང་། རེ་བའི་ཤུགས་རྐྱེན་ཞིག་སྤྲོད་ཐུབ་པ་དང་། ངའི་རྩིབ་ནས་མི་མང་པོ་ཞིག་བཅོས་སྒྱུར་བྱེད་ཐུབ་པར་ཧ་ཅང་དགའ། ལྷག་པར་དུ་དགའ་འོས་པ་ཞིག་ནི་བལ་ཡུལ་ཨ་མའི་ཁྱིམ་རྒྱ་བསྐྱེད་ནས། བུད་མེད་དང་བྱིས་པ་མང་པོ་ཞིག་འགྲོ་བ་མིའི་ཁྲིམས་འགལ་གྱི་ཉོ་ཚོང་ཁྲོམ་རའི་གནོད་འཚེ་ལས་སྐྱོབ་ཐུབ་པར་ཧ་ཅང་དགའ་སྤོབས་སྐྱེས་”ཟེར།

     ད་ལྟའི་ཆར་བལ་ཡུལ་ཨ་མའི་ཁྱིམ་ལ་སྔོན་འགྲོའི་གསོག་སྒར་གསུམ་དང་། གནས་སྐབས་ཀྱི་སྡོད་སྒར་བཅུ་གཅིག འགྲུལ་ཁང་གཉིས། སློབ་གྲྭ་ཆེ་འབྲིང་གཉིས། ལག་ཤེས་སློབ་གྲྭ་བཅས་ཡོད་པ་ལས། ལོ་ཚོད་དང་དགའ་ཕྱོགས། རྩལ་མི་འདྲ་བ་སོ་སོར་བཀར་ནས་དེ་ལུགས་ཀྱིས་སློབ་སྦྱོང་སྤྲོད་ཀྱི་ཡོད། བལ་ཡུལ་ཨ་མའི་ཁྱིམ་ལ་ཉིན་རེར་ཆ་སྙོམས་བྱིས་པ་ལོ་ ༡༡ ཅན་ནས་ལོ་ ༢༥ བར་གྱི་སླུ་བྲིད་འོག་ཚུད་པ་ ༡,༠༠༠ ཡོང་གི་ཡོད་པ་ལས། མང་པོ་ཞིག་བདེ་འཚམས་ངང་། ཕ་མ་དང་གཉེན་ཉེ་ལ་རྩིས་སྤྲོད་ཐུབ་ཀྱི་ཡོད། ཉིན་རེར་རྒྱ་གར་དུ་སྨད་ཚོང་གི་ལས་གཉེར་བའི་བུ་མོ་ ༤ རེ་སྐྱོབ་ཐུབ་ཀྱི་ཡོད་པས། ད་ལྟའི་བར་ཁྲིམས་འགལ་འཁྲིག་སྤྱོད་ཁྲོམ་ར་ནས་བུ་མོ་ ༡༢,༠༠༠ བསྐྱབས་ཡོད་འདུག

     རིམ་བཞིན°ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱའི་མཚན་སྙན་དང་བྱས་རྗེས་འཛམ་གླིང་ལ་ཁྱབ་སྟེ། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འཛམ་གླིང་གི་གཟེངས་རྟགས་གྲགས་ཅན་ ༣༤ ཐོབ་ཡོད་པར་མ་ཟད། «ཨེ་ཤ་ཡའི་གསེར་གྱི་ཊཾ་ཁ།»ཞེས་ཧ་ཅང་གདེང་འཇོག་དང་བརྩི་བཀུར་བྱེད། བལ་ཡུལ་གྱི་ཨ་མའི་ཁྱིམ་ལ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་དང་། བལ་ཡུལ་སྲིད་གཞུང་གཉིས་ཀས་རོགས་བྱེད་མགོ་ཚུགས་ཡོད་པར་མ་ཟད། བལ་ཡུལ་སྲིད་གཞུང་གིས་སྤྱི་ཟླ་ ༩ ཚེས་ ༥ ཉིན་ནི། འགྲོ་བ་མིའི་ཁྲིམས་འགལ་ཉོ་ཚོང་གི་ཉིན་མོར་ངོས་འཛིན་དང་བརྩི་སྲུང་བྱེད་ཀྱི་ཡོད།

     ཨ་ནུ°རཱ་དྷཱ°ཀོའི་རཱ་ལཱས། “ངའི་དམིགས་ཡུལ་གྱི་མཐིལ་དེ། ངའི་མི་ཚེ་ནང་བུད་མེད་དང་བྱིས་པ་རྣམས། མིའི་ཁྲིམས་འགལ་ཉོ་ཚོང་ཁྲོམ་ར་ནས་མཇུག་རྫོགས་ཆེད། དམིགས་ཡུལ་རྒྱ་བསྐྱེད་རྒྱུ་དེ་ཡིན་”ཟེར། ད་ལྟ་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཻ་ལས་ཀྱང་ལེན་རྒྱུའི་ལས་གཞི་མགོ་བཙུགས་ཡོད་འདུག་ཀྱང་། དཀའ་ངལ་གཅིག་ནི་ལོ་ཚད་མ་ལོན་པའི་བུ་མོ་རྣམས། བཙན་གཡེམ་དང་འབྲེལ་བའི་འཁྲིག་སྤྱོད་ཀྱི་བྲན་དུ་བཀོལ་བས། སེམས་ཁམས་བདེ་ཐང་མེད་པ། བུ་མོ་ལོ་ཆུང་མང་པོ་ཞིག་ལ་གཉན་ནད་རེག་དུག་དང་། ཉེ་བའི་གཉན་ནད་རེག་དུག་འགོས་ཡོད་པ་དེ། སྐྱོབ་དཀའ་བ་དང་སྐྱོབ་མི་ཐུབ་པའི་དཀའ་ངལ་འཕར་མ་ཞིག་ཏུ་གྱུར་ཡོད་འདུག

     འཛམ་གླིང་འདིར་བུ་མོ་དང་བུ་གཉིས་ཀའི་སྨད་བཙོང་བ་ཁྲིམས་མཐུན་ཡིན་པའི་རྒྱལ་ཁབ་ནི། ཁེ་ན་ཌ་དང་། ཐའི་ལེནྜ། ཉི་ཧོང་། ཇྷར་མ་ནི། ཨོས་ཊྲ་ལིའ། མེཀྶི་ཁོ། ཨ་མི་རི་ཀ་བཅས་ཡིན་འདུག་ན་ཡང་། ལོ་བཅོ་བརྒྱད་མ་ལོན་པར་སྨད་བཙོང་ཆོག་གི་མེད།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།