རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 5 November 2021

རྗེ་གུང་ཐང་བསྟན་པའི་སྒྲོན་མའི་རང་རྣམ་ཚིགས་བཅད་ཉུང་ངུ་བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་།


༄༅། །བདེན་གཏམ་དེ་ཉིད་གསལ་བའི་མེ་ལོང་

ཞེས་བྱ་བ་བཞུགས་སོ།། 

མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།


ཤིང་ཕག་ཟླ་ཚེས་ལ། ཚ་ཁོ་སོ་མང་རྒྱལ་མོ་བསོད་ནམས་སྒྲོལ་མས། དཔག་བསམ་འཁྲི་ཤིང་གི་དོན་འགྲེལ་དང་། རྗེ་ཉིད་ཀྱི་རྣམ་ཐར་བཀའ་རྩོམ་གནང་དགོས་ཞེས་ནན་གྱིས་ཞུས་པའི་ལན་དུ་གནང་བའི་ཆབ་ཤོག་གི་བར་སྐབས་ཚིགས་བཅད་ནི།

བསྟན་པའི་ལྕགས་རི་ཚ་བ་ཁ་གསུམ་གྱི། །
གཙོ་བོར་གྱུར་པའི་སོ་མང་རྒྱལ་ཁབ་ནས། །
གསེར་བཟང་ཁྲི་ཕྲག་འཐག་རིས་ལྷ་དར་གྱི། །
སྐྱེས་བཅས་མི་སྣ་ཆེད་དུ་མངགས་པའི་གདོང་། །

སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི །
དོན་འགྲེལ་རྟོགས་བརྗོད་ལྷུག་པར་བྱས་པ་དང་། །
ཁོ་བོའི་གནས་ཚུལ་ཞིབ་པར་བཀོད་པ་ཡི། །
རྣམ་ཐར་དགོས་ཚུལ་ཡི་གེ་ནན་ཆེར་བྱུང་། །

མ་ག་དྷ་བཟང་གཉིས་པ་མིའི་དབང་མོ། །
མ་ཆེན་བསོད་ནམས་སྒྲོལ་མའི་དགོངས་བཞེད་བཞིན། །
མ་བཅོས་རྣམ་ཐར་གཙང་མ་འགའ་མཆིས་ན། །
མ་སྦས་གསོང་པོར་སྨྲ་བའི་འོས་ཡིན་ཀྱང་། །

རྙེད་བཀུར་ལོངས་སྤྱོད་འདུ་འཛིའི་ཞགས་པ་ཡིས། །
རྣམ་པར་བཅིངས་པའི་ངང་ཚུལ་བརྗོད་པ་ལ། །
རྣམ་པར་ཐར་ཅེས་དོན་མི་མཐུན་གྱི་གཏམ། །
ཅོ་འདྲི་ལྟ་བུར་སྙིགས་མའི་དུས་འདིར་སྒྲོགས། །

འདི་ན་དམ་པའི་མཚན་ཙམ་བཟུང་བྱས་ཏེ། །
འདི་སྣང་གཡེང་བའི་བྲན་དུ་ཁོལ་བ་ལས། །
འདི་ཕྱི་བསྟན་འགྲོའི་དོན་དུ་འགྱུར་ངེས་པ། །
འདི་འདྲ་བགྱིས་ཞེས་བསྙད་དུ་མེད་པས་གནོངས། །

འོན་ཀྱང་སྐྱོན་ཡོན་འདྲེས་མའི་སྤྱོད་ཚུལ་རྣམས། །
སྒྲོ་སྐུར་སྤངས་ཏེ་དྲང་པོར་བརྗོད་བྱས་ན། །
དགག་བྱ་ཆུང་ཞིང་སྐལ་མཉམ་འགའ་ཞིག་ལ། །
ཅུང་ཟད་ཕན་ཡང་སྲིད་པས་འདི་སྐད་གསོལ། །

མཛོ་དགེ་སྨད་ཅེས་བྱ་བའི་ཡུལ་དུ་སྐྱེས། །
ལྷ་དང་བླ་མས་བརྩེ་བས་ལུང་བསྟན་མཛད། །
རྟགས་དང་རྟེན་འབྲེལ་མང་པོ་ལས་ཀྱིས་བསྒྲིགས། །
དམ་པའི་གདན་སར་འཁོད་པའི་རྣམ་ཐར་ཡིན། །

དགོངས་གཞི་ཅན་གྱི་ལུང་བསྟན་འགའ་ཞིག་ལ། །
བརྟེན་ནས་རྗེ་བཙུན་ཤེས་རབ་སེངྒེ་སོགས། །
དམ་པའི་སྐྱེ་ཕྲེང་དུ་མ་བདག་གིར་བྱས། །
རྫུན་ཕུགས་བྲག་ལ་གཏད་པའི་རྣམ་ཐར་ཡིན། །

རང་ལོ་བདུན་པར་རྒྱལ་བ་ཀུན་གྱི་དངོས། །
ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་དྲུང་ནས། །
རབ་ཏུ་བྱུང་ཞིང་དགེ་ཚུལ་སྡོམ་པ་མནོས། །
ཐུབ་བསྟན་སྒོ་རུ་ཞུགས་པའི་རྣམ་ཐར་ཡིན། །

དེ་ནས་ལོ་འགར་བྱིས་པའི་རོལ་རྩེད་དང་། །
སྦྲགས་ཏེ་ཀློག་དང་བློ་འཛིན་ཁྲལ་བཞིན་བྱས། །
དད་དང་སྙིང་རྗེ་འདྲེས་མའི་ཡུལ་དུ་གྱུར། །
མཐོང་བ་དོན་ལྡན་བྱ་བའི་རྣམ་ཐར་ཡིན། །

བཅུ་གཉིས་སྟེང་དུ་བསྡུས་གྲྭའི་རྩོད་པར་ཞུགས། །
དབུས་ཆས་འབུལ་སྡུད་གཡེང་བ་ཤས་ཆེ་ཡང་། །
རྩོད་ཟླ་རྣམས་ཀྱི་རྗེས་སུ་མ་ལུས་ཙམ། །
རྟོག་གེའི་བག་ཆགས་སད་པའི་རྣམ་ཐར་ཡིན། །

བླ་མ་མང་པོའི་ཆོས་སྣ་མ་བསོགས་ཀྱང་། །
མཚན་ལྡན་བཤེས་གཉེན་འགའ་ཡི་ཞབས་བསྟེན་ནས། །
དེ་ལ་ལོག་རྟོག་མ་ཤོར་ཚུལ་བཞིན་བསྟེན། །
ཁེ་ཉེན་དཔྱོད་པ་ཞུགས་པའི་རྣམ་ཐར་ཡིན། །

གཞུང་ཆེན་སོ་སོའི་རྩ་བ་རྒྱ་བོད་ཀྱི། །
འགྲེལ་པ་མཐའ་དཔྱོད་བཅས་ལ་སྦྱངས་པ་ཡིས། །
ཤེས་ལོ་ཐོས་ལོའི་རྣམ་གྲངས་བརྒྱ་ཕྲག་བརྒལ། །
རྩྭ་སྦུར་མེ་མཆེད་ལྟ་བུའི་རྣམ་ཐར་ཡིན། །

བཀའ་གདམས་གཞུང་དྲུག་འགྲེལ་པ་དོན་གསལ་དང་། །
མདོ་རྩ་ལ་སོགས་གཞུང་ཆེན་བཤད་པ་དང་། །
ལམ་རིམ་སོགས་ཀྱི་ཁྲིད་ཀྱང་མང་དུ་བྱས། །
དམུས་ལོང་སྒྲོན་མེ་ཐོགས་པའི་རྣམ་ཐར་ཡིན། །

དགེ་འདུན་འདུས་པ་སུམ་སྟོང་མན་ཆད་ལ། །
རྡོར་ཕྲེང་མི་ཏྲ་སོགས་ཀྱི་དབང་བཀའ་དང་། །
སྤྱི་དང་ཟུར་བཀའི་རྗེས་གནང་མང་དུ་བྱས། །
གསང་སྔགས་གཟུགས་བརྙན་སྤེལ་བའི་རྣམ་ཐར་ཡིན། །

ལས་འབྲས་བླང་དོར་བསྟེན་ནས་གཞན་དག་རྣམས། །
ཕན་དང་བདེ་བའི་ལམ་ལ་འགོད་བྱེད་ཀྱང་། །
རང་ཉིད་སྡུག་བསྔལ་རྒྱུ་ལ་སྤྱོད་པ་ནི། །
སྙིགས་དུས་བདག་གཞན་མཉམ་བརྗེའི་རྣམ་ཐར་ཡིན། །

གདན་ས་གསུམ་གྱི་མཁས་པའི་མདུན་ས་རུ། །
བཀའ་པོད་ལྔ་ཡི་ཟབ་གནད་ཕྲ་ཞིབ་ནས། །
ཚིག་འཁྲིའི་སྤྲོས་པ་ཚུན་ལ་ཞུམ་པ་མེད། །
རྩོད་པའི་གྲགས་སྐམ་ཐོབ་པའི་རྣམ་ཐར་ཡིན། །

སྔ་མའི་གཞུང་ལ་སྦྱར་བྱང་བཏགས་མིན་ཞིང་། །
མངོན་བརྗོད་སྤེལ་བའི་ཚིག་བསྒྲིག་ཙམ་མིན་པར། །
བརྩམས་ཆོས་འགའ་ཟུང་བསྟན་དུ་ཡོད་པ་འདི། །
བསྟན་ལ་ལག་རྗེས་བཞག་པའི་རྣམ་ཐར་ཡིན། །

མདོ་སྔགས་གཞུང་ལུགས་གང་གི་ཚིག་དོན་ལ། །
དཔྱོད་པའི་བློ་གྲོས་འཇུག་པར་མི་དཀའ་ཡང་། །
དོན་གྱི་ཉམས་མྱོང་རྒྱུད་ལ་མ་སྐྱེས་པ། །
ཆུ་ནང་རྡོ་བ་སྐམ་པོའི་རྣམ་ཐར་ཡིན། །

འཕགས་བོད་མཁས་པའི་ལེགས་བཤད་རོ་བརྒྱའི་ཟས། །
སྤྱད་པས་དེང་དུས་མཁས་རློམ་ངག་སྒྲོས་ཀྱི། །
ཟན་དྲོན་ཙམ་ལ་འགྲམ་ཆུ་མི་ལྡང་བ། །
དྲེད་པོ་ཆོས་རྒྱུས་མཁན་གྱི་རྣམ་ཐར་ཡིན། །

ཡུལ་ཁམས་མང་པོའི་རྙེད་བཀུར་སྡུད་པ་དང་། །
གྲྭ་སློབ་མང་པོར་ཆོས་སྦྱིན་འགྱེད་པ་སོགས། །
བླ་ཆེན་སྤྱི་ཡི་ཕྱག་སྲོལ་རྒྱས་པར་བྱས། །
ཆོས་བརྒྱད་རྟ་རྒྱུགས་འགྲན་པའི་རྣམ་ཐར་ཡིན། །

དད་རྫས་ཉེ་དུའི་ཚོགས་སུ་མ་བསྐོར་བར། །
སྐུ་གསུང་ཐུགས་ཀྱི་རྟེན་མང་བཞེངས་པ་དང་། །
དགོན་སྡེ་དུ་མར་བསྙེན་བཀུར་བགྱིས་པ་སོགས། །
དཀོར་གྱི་བུ་ལོན་ཆུང་བའི་རྣམ་ཐར་ཡིན། །

དད་ལྡན་དུ་མས་བསྐུར་ཏེ་མདོ་སྨད་ཀྱི། །
ཕྱེད་ཙམ་བསྐོར་ཀྱང་དངོས་འབུལ་གང་བྱུང་ལས། །
ཕ་རོལ་འདྲེན་པའི་ཐབས་དང་འཁྲུལ་མ་བཀྱེས། །
ལུགས་གཉིས་མཁྱེན་རྒྱ་ཆུང་བའི་རྣམ་ཐར་ཡིན། །

མཐོ་ལ་གུས་པས་ངོ་འཛིན་མ་བྱས་ཤིང་། །
དམའ་ལ་སྨོད་པས་བརྙས་ཐབས་མ་བྱས་ཏེ། །
མཉམ་ལ་འགྲན་པས་གྲལ་རྩོད་མ་བྱས་པ། །
བློ་རྒྱ་ཡོངས་ཐང་ཞན་པའི་རྣམ་ཐར་ཡིན། །

དབུ་མའི་ལུགས་བཞིན་དམ་པར་འཇོག་བྱེད་ནི། །
མིང་ཙམ་བརྡ་ཙམ་རྟོག་པས་བཏགས་ཙམ་ལས། །
རང་གི་ངོས་ནས་གྲུབ་པའི་དཔྱད་བཟོད་ཀྱིས། །
སྟོང་འདི་དོན་དམ་བདེན་པའི་རྣམ་ཐར་ཡིན། །

སྙིང་རྗེས་གཞན་དོན་སྒྲུབ་པ་ལྟར་སྣང་ཡང་། །
ཕུགས་ཀྱི་གཏད་སོར་རང་དོན་ཁོ་ནར་གནས། །
སྣང་ཚུལ་གནས་ཚུལ་མི་མཐུན་རྫུན་པ་རུ། །
གྲུབ་འདི་ཀུན་རྫོབ་བདེན་པའི་རྣམ་ཐར་ཡིན། །

ཉམས་ལེན་བྱེད་རྒྱུ་མ་དྲན་ཉི་ཤུ་ཐལ། །
བྱེད་དོ་བྱེད་དོའི་ངང་ལ་ཉི་ཤུ་ཐལ། །
མ་བྱུང་མ་བྱུང་ཟེར་ཞིང་བཅུ་ལྷག་ཐལ། །
མི་ཚེ་སྟོང་པར་ཟད་པའི་རྣམ་ཐར་ཡིན། །

ཉིན་མཚན་དོན་ལྡན་ཆོས་ཀྱིས་འདའ་བ་ཡིས། །
དགེ་སྦྱོར་ངང་དུ་མི་ཚེ་བསྐྱལ་མིན་ཡང་། །
ཚེ་དང་གྲོང་ཆོག་སྙོམས་པར་མ་བྱས་པ། །
མི་རྒན་སྐྱིད་ཉལ་བརྒྱབ་པའི་རྣམ་ཐར་ཡིན། །

བླ་མའི་སྐུ་དགྲར་མཛའ་གཅུགས་མ་བྱས་ཀྱང་། །
རང་ལ་སྒེར་གྱིས་གནག་པ་སུ་ལ་ཡང་། །
སྡང་བས་དམོད་བཅོལ་ཙམ་ཡང་བགྱིས་པ་མེད། །
མ་ནུས་ཇོ་བཟང་བྱས་པའི་རྣམ་ཐར་ཡིན། །

བཟླས་བརྗོད་དམིགས་པ་རྒྱ་ཆེན་དཀའ་ན་ཡང༌། །
ཅུང་ཟད་ཕྱི་མའི་དོན་དུ་དམིགས་པ་ལས། །
ནོར་སྒྲུབ་དབང་སྡུད་གཅིག་ཀྱང་མ་བྱས་པ། །
འཁོས་ཆུང་འདོད་པ་བསྐྱུངས་པའི་རྣམ་ཐར་ཡིན། །

ཐུབ་བསྟན་རྒྱ་ཆེན་སྤེལ་བར་མ་ནུས་ཀྱང་། །
ཁས་བླངས་བསླབ་ཁྲིམས་གཙོར་གྱུར་རང་རྒྱུད་ཀྱི། །
བསྟན་པ་བསམ་བཞིན་བཤིག་པར་མ་བྱས་པ། །
བསྟན་འཛིན་གྲལ་འཇུག་བསྙེགས་པའི་རྣམ་ཐར་ཡིན། །

ཅི་དགར་སྤྱོད་པའི་སྙིང་སྟོབས་བདག་ལ་མེད། །
ལྷ་མཐོང་འདྲེ་མཐོང་མངོན་ཤེས་བདག་ལ་མེད། །
དགྲ་བོ་སྒྲོལ་བའི་ནུས་པ་བདག་ལ་མེད། །
ལས་ཅན་ཆོས་འགོ་ཐོན་པའི་རྣམ་ཐར་ཡིན། །

རང་ཉིད་བགྲང་བྱ་སུམ་ཅུ་བརྒལ་བ་ནས། །
ལོ་ལྟར་བསྒྲུབ་བྱ་སུམ་བརྒྱར་ཉེ་བ་ཙམ། །
རབ་བྱུང་བསྙེན་རྫོགས་བསླབ་པའི་གཞི་ལ་བཀོད། །
ཐར་པའི་ས་བོན་བཏབ་པའི་རྣམ་ཐར་ཡིན། །

གྲུབ་མཐའ་སོ་སོའི་བཞེད་གཞུང་ཕྱོགས་ཙམ་མཐོང་། །
ཀུན་ཀྱང་རྣམ་གྲོལ་སྒྲུབ་པའི་ཐབས་སུ་གོ །
དེ་ཕྱིར་ཡབ་རྗེའི་བསྟན་ལ་ཡིད་ཆེས་རྙེད། །
ཆགས་སྡང་རྨོངས་ཞེན་དོར་བའི་རྣམ་ཐར་ཡིན། །

བྱི་རུའི་རྒྱན་ལྡན་རཀྴའི་ཕྲེང་བ་བཞིན། །
ཕལ་བའི་སྤྱོད་ཚུལ་ཡོན་ཏན་འགའ་ཟུང་བཅས། །
སྒྲོ་སྐུར་སྤངས་པའི་བདེན་ཚིག་སྲད་བུ་ལ། །
བསྟར་འདི་མཁྱེན་དཔྱོད་སོར་མོས་བགྲང་བར་མཛོད། །

ཅེས་པ་འདི་ནི་ཚ་ཁོ་སོ་མང་རྒྱལ་མོའི་འཕྲིན་ལན་དུ་བསྐུར་བ། མཛོ་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་གྲྭ་པ་ཚུལ་ཁྲིམས་དར་རྒྱས་ཀྱིས་པར་དུ་བརྐོས་འདུག་པས། ལྷག་བསམ་དག་པའི་དགེ་འབྲས་ཀྱིས། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །རྟག་ཏུ་དམ་པའི་མགོན་གྱིས་བཟུང་། །ས་ལམ་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །སརྦ་མངྒ་ལཾ། །

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།