དྲེད་པོ་ཧོར།
ཁ་སང་མཆོད་རྟེན་བྱ་རུང་ཁ་ཤོར་ནས་ཡང་ལེ་ཤོད་ལ་ཡོང་བའི་ལམ་དུ། ཀོ་རི་ཡའི་ཨ་ཅག་ལོ་ན་ཅུང་རྒན་པ་ཞིག་དང་གླ་འཁོར་གཅིག་གི་ནང་དུ་ཁེལ། ངས་དང་པོ་མོ་གླ་འཁོར་དུ་འཛུལ་དུས་རྒྱ་མོ་ཞིག་རེད་བསམ་ནས། རྒྱ་སྐད་ཐོག་ནས་"ཁྱེད་རང་མདུན་ལ་བསྡད་ན་འགྲིག་གི་རེད་"ཅེས་ལབ་པ་ཡིན། ཡིན་ཡང་ཡ་མཚན་པ་ཞིག་ལ། མོས་ཐད་ཀར་བོད་སྐད་ཐོག་ནས། "བླ་མ་ལགས་མདུན་ལ་བཞུགས་རོགས་"ཟེར།
དེ་ནས་ངའི་རོགས་པ་ཁོང་མདུན་ལ་བཞུགས་སོང་། ཀོ་རི་ཡའི་ཨ་ཅག་ཁོང་དང་ངེད་གཉིས་རྒྱབ་ཕྱོགས་ནས་བསྡད་པ་ཡིན། ངས་ད་དུང་མོ་རྒྱ་མོ་བོད་སྐད་ཤེས་མཁན་ཞིག་ཡིན་ཤག་བྱས་པ་ལས་ཀོ་རི་ཡ་ཡིན་པ་ཤེས་མེད། ང་ཚོ་རླངས་འཁོར་དུ་བསྡད་དེ་ཅུང་ཙམ་སོང་བ་དང་། མོ་ལ་"ཁྱེད་རང་ཕ་ཡུལ་གང་ནས་ཡིན་"ཞེས་དྲིས་དུས། མོས་"ལྷོ་ཀོ་རི་ཡ་ནས་ཡིན་"ཟེར། ང་ཅུང་ཧང་སང་བ་དང་། "ཁྱེད་ཀྱིས་བོད་སྐད་ཡག་པོ་དེ་འདྲ་ག་ནས་སྦྱང་བ་ཡིན་"ཞེས་ལབ་དུས། "སྔོན་མ་དྷ་རམ་ས་ལ་དང་མོ་རང་གི་བླ་མ་སོགས་ཀྱི་འགྲམ་ནས་སྦྱངས་པ་ཡིན། ཡིན་ཡང་ང་བོད་སྐད་ཡག་པོ་དེ་ཙམ་མེད་"ཟེར།
སྤྱིར་སྟངས་ངས་སྔོན་མ་ལྷོ་ཕྱོགས་གསུང་ཆོས་ཤིག་གི་སྐབས་སུ་ཀོ་རི་ཡའི་བཙུན་མ་བོད་སྐད་བྱང་མ་ཅན་ཁ་ཤས་མཐོང་མྱོང་ཡོད། ཡིན་ཡང་མི་སྐྱའི་ཁྲོད་དུ་བོད་སྐད་ཤེས་མཁན་ཡོད་པ་ཤེས་མ་སོང་། དེ་ཕྱིར་ངས་མོ་ལ་"ཀོ་རི་ཡའི་ནང་ནས་མི་སྐྱ་བོད་སྐད་བཤད་མཁན་ཐོག་མ་ཁྱེད་རང་ཡིན་གྱི་རེད་པ་"ཞེས་རྩེད་མཚར་འདྲེས་མར་ལབ་པ་ཡིན། མོས་"མ་རེད་མ་རེད། ང་ཚོ་ཀོ་རི་ཡ་ལ་བོད་སྐད་ཤེས་མཁན་གནའ་སྔོན་མ་ནས་ཡོད་རེད། ཀོ་རི་ཡའི་ཡི་གེ་དེ་བོད་ཡིག་དང་ལེགས་སྦྱར་གཉིས་ལ་གཏུགས་ནས་བཟོས་པ་རེད། ལོ་རྒྱུས་ཐོག་ཏུ་ཀོ་རི་ཡའི་ཡི་གེ་བཟོ་མཁན་དེ་རྒྱལ་པོ་སེ་ཇོང་(King Sejong)ཟེར་བ་ཞིག་གིས། ཕྱི་ལོ་ ༡༤༤༦ ལ་བཟོས་པར་བཀོད་ཡོད་པ་རེད། ཡིན་ཡང་བཟོ་མཁན་ངོ་མ་དེ་གྲྭ་བ་ཞིག་ཡིན་ཚུལ་བཤད་སྲོལ་ཡང་ཡོད་པ་རེད། གང་ལྟར་ཀོ་རི་ཡའི་ཡི་གེ་བཟོ་མཁན་དེ་བོད་ཡིག་དང་ལེགས་སྦྱར་ལ་ཧ་ཅང་མཁས་པ་རེད་"ཟེར།
ངའི་གྲོགས་པོ་འཇར་པན་གནས་བཞུགས་པ་ཞིག་གིས། སྔོན་མ་བོད་པས་ཀོ་རི་ཡས་སྐད་སྦྱངས་ན། ཧ་ཅང་ཤེས་སླ་བ་དང་སྟབས་མོ་ཡོད་ཚུལ་ཞིག་གསུངས་པ་དྲན་གསོས་བྱུང་བས། ངས་མོ་ལ་ཀོ་རི་ཡའི་སྐད་སྦྱངས་ན་དཀའ་ལས་ཡོད་མེད་དྲིས་པ་ཡིན། "ཀོ་རི་ཡའི་སྐད་ནི་ཚིག་སྒྲུབ་དང་ཚིག་རྒྱན་འགྲོ་སྟངས་དེ་ཚོ། བརྒྱ་ཆ་དགུ་བཅུ་བོད་སྐད་དང་གཅིག་མཚུངས་རེད། ཀོ་རི་ཡས་བོད་སྐད་སྦྱོང་བ་དང་བོད་པས་ཀོ་རི་ཡའི་སྐད་སྦྱང་ན། ལས་སླ་པོས་ཤེས་ཀྱི་རེད། དཀའ་ལས་གང་ཡང་ཡོད་མ་རེད་"ཟེར།
དེ་ནས་ངས་མོ་ལ་ཀོ་རི་ཡའི་ནང་ཆོས་ཀྱི་གནས་སྟངས་སྐོར་ལ་སྐད་ཆ་ཕྲན་བུ་འདྲི་འདོད་བྱུང་། གང་ཡིན་ཟེར་ན། སྔོན་མ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ཞིག་ཏུ། ང་ཚོ་བོད་པ་ཚོས་མི་དམངས་ལ་ནང་ཆོས་གོ་རྟོགས་ཡག་པོ་སྤེལ་མ་ཐུབ་ཚེ། ཀོ་རི་ཡའི་ནང་པ་ལ་འཕྲད་པའི་དཀའ་ངལ་དེ། ང་ཚོ་ལ་ཡང་གཅིག་མཚུངས་འཕྲད་སྲིད་ཚུལ་གསུངས་པ་གོ་མྱོང་ཡོད་པས། ཀོ་རི་ཡའི་ནང་པའི་གནས་བབས་དེ་སྐྱོ་བོ་ཡོད་ས་རེད་བསམ་ནས། ངས་མོ་ལ་སྐད་ཆ་ཁ་ཤས་དྲིས་པ་ཡིན།
མོས་བཤད་དོན། "ང་ཚོའི་ཀོ་རི་ཡའི་རྒྱལ་ཁབ་སྔོན་མ་ཡིན་ན་ནང་པའི་རྒྱལ་ཁབ་རེད། ཡིན་ཡང་དེང་སང་ཆོས་ལུགས་ཁག་མང་ཆེ་བ་དར་ཚར་འདུག དམིགས་གསལ་ཡེ་ཤུ་ཆོས་ལུགས་ཤིན་ཏུ་མང་པོ་རེད། ནང་པ་ཡིན་ཟེར་མཁན་ཚོ་ཡང་། ཕྱི་ནང་པ་ལས་ནང་ཡེ་ཤུ་ཆགས་ཚར་བ་རེད། ལྷག་པར་དེང་སང་གྲྭ་བ་བཟོ་མཁན་དཀོན་པོ་སོང་ཙང་། དགོན་སྡེ་ཕལ་ཆེར་སྟོང་པ་ཆགས་ཚར་རེད་"ཟེར།
བོད་བརྒྱུད་ནང་བསྟན་སྐོར་ག་འདྲ་ཡིན་མིན་དྲིས་དུས། "བོད་བརྒྱུད་ནང་བསྟན་ནམ་རྡོ་རྗེ་ཐེག་པ་ལ་ནི། སྔར་ནས་རྒྱ་བརྒྱུད་ནང་བསྟན་ནམ་ཐེག་ཆེན་པས་ལྟ་ཕྱོགས་ཡག་པོ་ཡོད་མ་རེད། དེའི་ཤུགས་སྐྱེན་གྱིས་ཀོ་རི་ཡ་ནང་པས་ཀྱང་བོད་བརྒྱུད་ནང་བསྟན་ལ་འཛེམ་ཟོན་ཆེན་པོ་བྱེད་ཀྱི་རེད། དེ་ཕྱིར་བོད་བརྒྱུད་ནང་བསྟན་བླ་མ་དེ་ཚོ། གནས་སྐོར་རེ་ལ་ཕེབས་པ་ཙམ་མ་གཏོགས། གཏན་འཇགས་སྡོད་ཐུབ་ཀྱི་མི་འདུག་ཟེར།
༡༦/༡༡/༢༠༡༩
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།