(གློག་བརྙན་ཁྲབ་མཁན་དང་སྤྱི་ཚོགས་ཞབས་ཞུ་བ་པུ་ནཱིཏ°རཱཇ་ཀུ་མཱར་ལ་མྱ་ངན་ཞུ།)
འཇམ་དབྱངས་དཀར་པོས་བརྩམས།
བོད་ཁ་བ་གངས་ཅན་པའི་ལོ་ལོན་རྒན་རྒོན་ཚོས། རྒྱ་གར་རྡོ་རྗེ་གདན་ནས་སྐྱེ་བར་ཤོག་ཅེས་རྟག་ཏུ་སྨོན་ལམ་འདེབས་ཀྱང་། རྒྱ་གར་རྡོ་རྗེ་གདན་གྱི་ཉེ་འཁོར་ཐེངས་གཅིག་མཐོང་ཚེ། སྔར་གྱི་འདུ་ཤེས་འགྱུར་ནས་“ས་ཆ་འདི་འདྲ་ཞིག་ཏུ་ནམ་ཡང་མི་སྐྱེ་བར་ཤོག་”ཅེས་གོ་ལྡོག་ནས་སྨོན་ལམ་འདེབས་སྲིད། ཡིན་ན་ཡང་རྒྱ་གར་ནི་ཆོས་ལུགས། ལྟ་གྲུབ། རོལ་མོ། ཟློས་གར། ལག་ཤེས། སྒྱུ་རྩལ། བཟོ་ལས་སོགས་ཀྱི་རྫོང་ཧ་ཅང་མཐུག་པའི་ཡུལ་གྲུ་ཞིག་ཡིན་པས། ཡུལ་ལུང་གཞན་དང་གཞན་ན་མེད་པའི་ངོ་མཚར་བའི་ཤེས་བྱ་སྣ་ཚོགས་པ་ཞིག་རྒྱ་གར་ན་རིག་རྒྱུ་ཡོད། ཐོས་རྒྱུ་ཡོད། མྱོང་རྒྱུ་ཡོད། དཔེར་ན། ཉིན་གསུམ་གྱི་གོང་གསར་ལམ་ཁག་ཏུ་གློག་བརྙན་ཁྲབ་མཁན་ཞིག་གྲོངས་པའི་གནས་ཚུལ་ཐོན་པ་ནས། "རྒྱ་གར་ན་རླབས་ཆེན་གྱི་མི་ལྟ་བུ་ཡང་འདུག་ཨང་"སྙམ་དུ་ངོ་མཚར་བར་བྱེད།
རླབས་ཆེན་གྱི་གཞོན་སྐྱེས་པུ་ནཱིཏ°རཱཇ་ཀུ་མཱར་(Puneeth Rajkumar)ནི། རྒྱ་གར་གྱི་ཡུལ་གྲུ་ཅིན་ནཻ་(Chennai)ལ་སྐྱེས། སྤུན་མཆེད་ལྔ་ཡོད་པའི་ནང་གི་ཐ་ཆུང་དེ་ཡིན། པུ་ནཱིཏ་ལོ་ལྔའི་སྐབས་ཁོའི་ཁྱིམ་ཚང་མཻ་སོར་(Mysore)ལ་གཞི་སྤོར། པུ་ནཱིཏ་ལོ་བཅུ་ལ་སོན་པ་ནས་ཁོའི་ཨ་ཕས་གློག་བརྙན་ཁྲབ་ཏུ་བཅུག དེ་ནས་བཟུང་ཁོའི་མི་ཚེ་ཧྲིལ་བོར་གློག་བརྙན་ ༤༧ ལྷག་འཁྲབས་ཡོད་ལ། ལས་ཆེས་སྐད་གྲགས་ཆེ་བ་ ༥ བྱུང་ཡོད། ཁོའི་གཅེན་པོ་ཡང་སྐད་གྲགས་ཡོད་པའི་གློག་བརྙན་ཁྲབ་མཁན་ཞིག་ཡིན། པུ་ནཱིཏ་རྒྱུན་ལྡན་གྱི་གྲོགས་མོ་ཨཤྭི་ནི°རི་ཝནྠ་(Ashwini Revanth)གྱི་མཉམ་དུ་གཉེན་བསྒྲིགས་ནས་བུ་མོ་གཉིས་ཡོད། པུ་ནཱིཏ་ནི་གློག་བརྙན་འཁྲབ་མཁན་གྲགས་ཅན་ཞིག་ཡིན་པ་མ་ཟད། གློག་བརྙན་བཟོ་མཁན། གཞས་པ། ཤེས་ཡོན་ཞབས་ཞུ་བ་གྲགས་ཅན་ཞིག་ཀྱང་ཡིན་པ་དང་། ཁོས་ཡོང་འབབ་ཚང་མ་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུར་ནར་གཏོང་བྱེད་ཀྱི་ཡོད་པར་མ་ཟད། མིག་གཉིས་ཀྱང་སྦྱིན་པར་བཏང་།
ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ།
པུ་ནཱིཏ་ཀྱིས་སློབ་ཡོན་རིན་མེད་ཀྱི་སློབ་གྲྭ་ ༤༥ དང་། དྭ་ཕྲུག་སློབ་གྲྭ་ ༢༦། རྒས་གསོལ་ཁང་ ༡༦། བ་ཕྱུགས་བདག་སྐྱོང་ཁང་ ༡༩ བཅས་བཙུགས་ཡོད་པར་མ་ཟད། ཁ་ཐོར་སློབ་མ་ ༡,༨༠༠ ཡི་སློབ་ཡོན་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་མུས་ཐོག ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་རྒྱ་གར་གཞུང་ལ་ཧིན་སྒོར་འབུམ་ ༥༠ ཞལ་འདེབས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཆེད་ཞལ་འདེབས་ཧིན་སྒོར་འབུམ་ ༥ སྤྲད་ཡོད།
འཆི་ཁའི་ཁ་ཆེམས།
པུ་ནཱིཏ་ཀྱིས་རྒྱུན་ལྡན་ལྟར་ཆུ་ཚོད་གཉིས་ཀྱི་རིང་ལ་ལུས་རྩལ་བརྩེས་རྗེས་སྙིང་ལ་གཟེར་བརྒྱབ། སྨན་ཁང་དུ་སོང་བར་སྙིང་ལ་ན་ཚ་ཡོད་པ་ངོས་ཟིན་ཀྱང་། བཅོས་ཐབས་མ་རྙེད་པར་ཆུ་ཚོད་གཉིས་ཀྱི་རྗེས་སུ་སྙིང་རྩ་འགགས་ནས་འཇིག་རྟེན་དང་གཏན་དུ་ཁ་བྲལ། པུ་ནཱིཏ་འཆི་ཁར་མིག་གཉིས་གཞན་ལ་སྦྱིན་པ་གཏོང་དགོས་པའི་ཁ་ཆེམས་བཞག་པ་ལྟར། བཟོ་གྲྭ་ཞིག་ནས་རྫས་ཐོར་ཏེ་མིག་ལོང་བར་གྱུར་པའི་མི་ཞིག་ལ་སྤྲད་འདུག དེ་ཙམ་དུ་མ་ཟད་སྤྱི་ལོ་ ༢༠༡༧ ནས་པུ་ནཱིཏ་ཀྱི་ཨ་མས་ཀྱང་། མོ་ཤི་རྗེས་མིག་གཉིས་སྦྱིན་པར་གཏོང་དགོས་པའི་གན་རྒྱ་དང་ཁ་ཆེམས་བཞག་ཡོད་འདུག
རྗེས་དྲན་ཞུས་པ།
གསར་འགྱུར་བརྒྱུད་ལམ་དུ་པུ་ནཱིཏ་སྙིང་རྩ་འགགས་ནས་གྲོངས་པའི་གནས་ཚུལ་ཐོན་པ་དང་། རྒྱ་གར་བ་ས་ཡ་མང་པོ་མྱ་ངན་གྱི་ནང་དུ་ལྷུང་ནས་རྗེས་དྲན་ཞུ་བཞིན་པར་མ་ཟད། བྷེངྒ་ལོར་(Bangalore) གྲོང་ཁྱེར་གྱི་སློབ་གྲྭ་ཁག་དང་ཟ་ཁང་། ཆང་ཁང་། གློག་བརྙན་ཁང་སོགས་ཀྱང་སྒོ་བརྒྱབ་ནས་མྱ་ངན་ཞུས་ཡོད་འདུག རྒྱ་གར་གཞུང་གིས་རྩེད་ཐང་ཆེན་པོ་ཞིག་ཏུ་མི་དམངས་ལ་པུ་ནཱིཏ་ཀྱི་པུར་མཇལ་མཐའ་མ་ཞུ་རྒྱུ་གོ་སྒྲིག་བྱས་པར། མི་སྟོང་ཕྲག་མང་པོ་འཛོམས་ཤིང་། མི་རེ་ཟུང་ཞིག་གློ་བུར་བའི་དོན་རྐྱེན་དེ་གོ་མ་ཐག་སྙིང་རྩ་འགགས་ནས་གྲོངས་ཡོད་འདུག
ཁོས་ཞན། སྐྱབས་མེད། མགོན་མེད་མང་པོ་ཞིག་གི་མགོན་སྐྱབས་སུ་གྱུར་པའི་རླབས་ཆེན་གྱི་སྐྱེས་བུ་པུ་ནཱིཏ་རང་ལོ་ ༤༦ སྟེ། སྤྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་ན་ཡང་། བསྐལ་བ་ཇི་སྲིད་ནམ་གནས་ཀྱི་བར་ལ་སྤྱིར་འཛམ་གླིང་གི་ལོ་རྒྱུས་དང་། སྒོས་སུ་རྒྱ་གར་གྱི་ལོ་རྒྱུས་ནང་ཁོང་གི་མཛད་རྗེས་རྣམས་གསེར་འོད་ཁྱུག་སེ་ལྷག་ངེས་ཡིན།
སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།