རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 23 November 2021

དོལ་པོ་སྤྲུལ་སྐུས་སློབ་སྦྱོང་ཇི་ལྟར་བྱ་ཚུལ་སྐོར་གསུངས་པ།

ཡོང་ཁུངས། ཀུན་ཕན་ཁ་བའི་འཕྲིན་སྟེགས།

༡. སློབ་སྦྱོང་གི་སེམས་ཁམས།
     རང་ཉིད་ནང་ཆོས་ལ་སློབ་སྦྱོང་རྒྱུན་རིང་པོ་ཞིག་བྱས་པ་དང་། སློབ་སྦྱོང་ཚར་པའི་རྗེས་ལ་མི་རིགས་འདྲ་མིན་གྱི་སྤྱི་ཚོགས་དང་། རིག་གཞུང་མི་འདྲ་བ་མང་པོར་ཐོས་རྒྱུ་དང་མཐོང་རྒྱུའི་གོ་སྐབས་བཟང་པོ་བྱུང་། བརྒྱུད་རིམ་དེའི་འོག་ནས་སློབ་སྦྱོང་སྐོར་བསམ་ཚུལ་བྱུང་བ་རྣམས་ཞུ་རྒྱུ་ཡིན། དང་པོ་རང་ཉིད་སློབ་མ་ཞིག་ཡིན་པ་ནས་བཟུང་སྟེ། གུ་ཡངས་པོའི་སེམས་ཁམས་དགོས་པ་ནི། ཆ་རྐྱེན་ཨང་དང་པོ་དེ་ཡིན། གང་ཡིན་ཟེར་ན། རང་གི་ལྟ་བ་དང་རིག་གཞུང་ལུགས་སྲོལ་སོགས་ལ་ཞེན་ཆགས་ཀྱི་དབང་གིས། དངོས་ཡོད་གནས་སྟངས་མང་པོ་ཞིག་ཤེས་མི་ཐུབ་པའི་དཀའ་ངལ་ཡོང་གི་ཡོད། དང་པོ་ནས་ཚད་དང་བཅས་པ་ཞིག་ཡིན་ན། ཚད་དེའི་ཕྱི་ལོགས་ན་ཡོད་པའི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ཀྱི་མ་རེད། ཚད་ཀྱི་ནང་ལ་ཡོད་པའི་སློབ་ཚན་རྣམས་ལ་མཁས་པ་ཡོང་སྲིད་ཀྱང་། ཡོན་ཏན་དེ་དག་མཐའ་གཅིག་ཏུ་དངོས་ཡོད་གནས་ཚུལ་ཡིན་པའི་ངེས་པ་མེད། མ་ཟད་དེའི་ནང་དུ་མགོ་འཁོར་རྒྱུ་མང་དྲགས་ན། རིག་གནས་གཞན་མང་པོ་ཞིག་ཤེས་པར་བགེགས་བྱེད་ཀྱི་རེད།

     ལྷག་པར་དུ་རྙིང་ཞེན་གྱི་བསམ་བློས་རྣམ་དཔྱོད་ལ་ལྷད་སྐྱོན་ཞུགས་ན། བླང་དོར་གྱི་གནས་མང་པོ་ཞིག་ལ་རྨོངས་པ་ཡིན། དེ་འདྲ་ཡིན་དུས་སློབ་ཕྲུག་གི་སེམས་ཁམས་དེ་རིག་གནས་གང་གི་སྟེང་དུའང་དྭངས་གཙང་ཡིན་དགོས་ཤིང་། རིགས་པ་དང་རྒྱུ་མཚན་ཁོ་ན་ལ་དཔང་བཅོལ་ནས་འགྲོ་ཐུབ་པ་ཞིག་དགོས། འདི་སློབ་ཕྲུག་ཅིག་གི་ངོས་ནས་གལ་ཆེ་ཤོས་དང་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན། 

     རིག་གནས་བྱེ་བྲག་པ་དང་རིག་སྒོ་མི་འདྲ་བ་གང་དང་ཅི་འདྲ་ཞིག་ལ་སྦྱངས་ཀྱང་། གཞི་རྐང་གི་སེམས་ཁམས་དེ་ངེས་པར་དུ་ཡོད་དགོས། དཔེར་ན་རང་ངམ་གཞན་གྱི་སྲོལ་རྒྱུན་དང་ལོ་རྒྱུས་སློབ་ཚན་རྣམས་རྗེས་ཟློས་བྱ་རྒྱུ་ཡིན་ནའང་། དངོས་ཡོད་ཡིན་མིན་དང་། དུས་དང་ཁོར་ཡུག་ལ་འཚམ་པོ་ཡོད་མེད་སོགས་ངེས་པར་དཔྱད་དགོས། དེ་ལ་གུ་ཡངས་དགོས་ཀྱི་ཡོད། སངས་རྒྱས་ཆོས་ལ་སློབ་སྦྱོང་གནང་མཁན་རྣམས་ལ་ལྷག་པར་དགོས་ཀྱི་ཡོད། སངས་རྒྱས་ཀྱི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དཔྱད་པ་དགོས་པར་གསུངས་པ་དང་། སློབ་དཔོན་ཨརྱ་དེ་ཝས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་སོ།།

 
 ༢. སློབ་སྦྱོང་བྱེད་ཚུལ།
    སློབ་སྦྱོང་བྱེད་ཚུལ་ནི། ཀུན་སློང་བཟང་པོ་འཆང་དགོས་པ། རང་ལ་རྙེད་པའི་ཐབས་ལམ་བེད་སྤྱོད་བྱེད་དགོས་པ། སྤྱི་དོན་ངེས་དགོས་པ། དྲན་སྒོམ་བྱེད་པ་བཅས་ཡིན། གོང་དུ་བཤད་པ་བཞིན་སེམས་ཁམས་གུ་ཡངས་དང་གཟུ་བོར་གནས་པའི་སྟེང་དུ་སློབ་སྦྱོང་བྱེད་པའི་ཀུན་སློང་ནི། སངས་རྒྱས་དང་བོན་གྱི་ཆོས་ལྟར་ན། རང་གི་ཉེ་འབྲེལ་ཙམ་མ་ཟད་མཐའ་ཡས་པའི་སེམས་ཅན་ལ་ཕན་པའི་སེམས་ཡོད་དགོས། སྤྱི་ཚོགས་ནང་དུ་ཀུན་སློང་དེ་ཁས་ལེན་མིན་སྣ་ཚོགས་ཡོང་གི་ཡོད། འོན་ཀྱང་མ་མཐར་སློབ་སྦྱོང་དེ་རང་གི་མི་ཚེའི་དགོས་མཁོའི་ཆེད་དུ་ཡིན་སྙམ་པའི་ཀུན་སློང་ཡོད་པའི་ཐོག་ནས་སྦྱོང་འདོད་ཡོད་པ་ཞིག་དགོས་ཀྱི་འདུག ངས་འདི་ལྟར་ཤོད་པའི་རྒྱུ་མཚན་ནི། སློབ་སྦྱོང་ལ་འགྲན་རྩོད་ཀྱི་ཀུན་སློང་སྤོང་དགོས་པར་བསྟན་པའི་ཆེད་དུ་ཡིན།

     དེང་སང་འཛམ་གླིང་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུ་ཡིན་ནའང་། སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རྣམ་པ་དེ་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་མཐོང་གི་འདུག རྣམ་པ་དེ་ལ་བརྟེན་ནས་འགྲན་རྩོད་ཀྱི་ཀུན་སློང་ཡོད་པ་རྟོགས་ཐུབ། འགྲན་རྩོད་ཀྱི་ཀུན་སློང་ཡོད་ན་ཤེས་ཡོན་དེ་དག་རང་བཞིན་གྱིས་མི་ཚེའི་ཆ་རྐྱེན་དུ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། དེ་འདྲ་ཡིན་དུས་མི་ཚེའི་མཐུན་རྐྱེན་གྱི་ཆེད་དུ་དམིགས་པའི་ཀུན་སློང་ཡར་བསྐྱེད་གཏོང་དགོས། དཔེར་ན་དེང་སང་རྩིས་འཕྲུལ་མ་ཤེས་ན་འཛམ་གླིང་ཕྱི་ནང་གང་དུའང་དགོས་ངེས་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་མི་ཐུབ། 

     དེས་ན་སློབ་མ་རྣམས་ལ་གཙོ་བོ་རང་གིས་མ་བྱས་ན། གཞན་ཞིག་གིས་བྱས་ནས་རང་ཉིད་རྗེས་ལུས་འགྲོ་བའི་འགྲན་རྩོད་ཀྱི་འགྲེལ་བཤད་མིན་པར། གཙོ་བོ་མི་ཚེའི་ཆ་རྐྱེན་ལ་གལ་ཆེན་ཡིན་པར་རྒྱུ་མཚན་བརྗོད་ན་ལེགས། གང་ཡིན་ཟེར་ན། འགྲན་རྩོད་མིན་པར་མི་ཚེའི་དགོས་མཁོ་གལ་ཆེན་ཡིན་པའི་རྒྱུ་མཚན་ཤེས་ན། སློབ་སྦྱོང་ལ་སྤྲོ་སྣང་འཕེལ་གྱི་རེད། སྤྲོ་སྣང་གི་ཀུན་སློང་དེས་སློབ་སྦྱོང་བྱེད་པར་དཀའ་ངལ་གང་ཡང་མི་ཚོར། 

     ཞིབ་ཏུ་བཤད་ན། འགྲན་རྩོད་དང་འཚོ་བ་དངོས་དང་འབྲེལ་བའི་དགོས་མཁོའི་ཀུན་སློང་ཡོད་མེད་ཀྱི་ཁྱད་པར་ནི། འགྲན་རྩོད་ལ་ཞེད་སྣང་དང་དགོས་མཁོ་ལ་སྤྲོ་སྣང་ཡོད། སློབ་སྦྱོང་བྱེད་པའི་སྐབས་སུའང་འགྲན་རྩོད་ལ་དཀའ་ངལ་གྱི་ཚོར་སྣང་དང་། སྤྲོ་བ་ཅན་ལ་སྐྱིད་སྣང་གི་ཚོར་བ་ཡོད། འཚེར་སྣང་བྱས་ན་སློབ་ཚན་ལ་སེམས་ཡུན་རིང་གནས་མི་ཐུབ་པ་དང་། སྐྱིད་སྣང་ཡོད་ན་སློབ་ཚན་ལ་སེམས་ཡུན་རིང་གནས་ཐུབ།

     གལ་སྲིད་གཞན་ལ་འགྲན་རྩོད་ཀྱི་ཆེད་དུ་ཡིན་ན། ལེ་ཚན་འདི་ཁོང་གིས་སྦྱངས་ཡོད་ཀྱི་རེད། ངས་མ་སྦྱངས་ན་ཁོང་སྔོན་ལ་ཤོར་ཡོང་བསམས་ཏེ། སེམས་ལ་དོགས་པ་དང་དངངས་སྐྲག་གི་ངང་ནས་སློབ་སྦྱོང་བྱས་པས། རང་སེམས་ལ་ཞི་བདེ་མེད་ལ་སློབ་སྦྱོང་ལ་དམིགས་ཡུལ་མེད། སེམས་ཁམས་འདིའི་རིགས་ལ་ཆུང་དུས་ནས་གོམས་གཤིས་བྱུང་ན། མིའི་གཤིས་ཀ་བཟང་པོ་ཡོང་རྒྱུ་ཞེ་དྲགས་ཁག་པོ་རེད། དེ་བཞིན་དོགས་པ་དངངས་སྐྲག་གི་ངང་ནས་སློབ་སྦྱོང་བྱས་པ་ཡིན་ན། ཡུན་ཐུང་ངུའི་ནང་བརྗེད་འགྲོ་བ་དང་། སེམས་གུ་ཡངས་ཀྱི་ངང་ནས་སློབ་སྦྱོང་བྱས་ན། ཡུན་རིང་གི་བར་མི་བརྗེད་པར་གནས་ཐུབ། དྲན་གསོ་བྱེད་པ་ལའང་ལས་སླ། 

     འདི་དག་དངོས་ཡོད་གནས་ཚུལ་ཡིན། དཔེར་ན། རང་ཉིད་ལ་མཚོན་ན། མི་ཚེའི་ནང་མཐོ་སློབ་ཀྱི་ཡིག་རྒྱུགས་དང་པོའི་གྲུབ་འབྲས་གསལ་བསྒྲགས་བྱེད་པའི་ཉིན་དེར། ཨང་ཚད་ལོན་ཡོད་ན་སྙམ་པའི་དངངས་སྐྲག་ཆེན་པོ་བྱུང་། འོན་ཀྱང་ཨང་གཉིས་པར་བསླེབས་འདུག་པས་ཞེ་དྲག་དགའ་བྱུང་། དེ་ནས་ཡིག་རྒྱུགས་ཨང་དང་པོ་མ་ལོན་ནའང་། གཉིས་པ་དང་གསུམ་པ་གང་རུང་ཞིག་ངེས་པར་ལོན་དགོས་སྙམ་པ་ལས། དགོས་མཁོའི་སློབ་སྦྱོང་ལ་དོ་སྣང་ཆུང་དུ་ཕྱིན་སོང་། ལོ་གཉིས་པ་ལའང་ཨང་གཉིས་པའི་གཟེངས་རྟགས་ཐོབ། འོན་ཀྱང་ལོ་རིམ་གསུམ་པའི་སྐབས་ཨང་ཚད་དང་དགོས་མཁོའི་ཤེས་ཡོན་གཉིས་ལ་བར་སྟོང་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། ཨང་ཚད་ལ་བལྟས་ན་མཐོན་པོ་ཡོད་ཀྱང་ཤེས་ཚད་ལ་བལྟས་ན་འདོད་བློ་ཚིམས་པ་ཞིག་མེད་པ་ཤེས་བྱུང་། དེ་ནས་ངས་ཨང་ཚད་ཁོ་ན་དམིགས་ཡུལ་དུ་བཟུང་སྟེ་སློབ་སྦྱོང་བྱེད་རྒྱུ་མཚམས་བཞག་ནས། འདོད་མོས་དང་དགོས་མཁོ་གལ་ཆེན་དུ་བརྩིས་ཏེ་སློབ་སྦྱོང་བྱེད་རྒྱུའི་འགོ་བཙུགས་པ་ཡིན། དེ་ནས་དམིགས་བསལ་གྱི་ཉམས་མྱོང་ཞིག་སྔར་དང་མི་འདྲ་བར། གཙོ་བོ་སློབ་ཚན་གྱི་མགོ་མཇུག་བར་གསུམ་ཡོངས་རྫོགས་ཀློག་ཐུབ་པ་དང་། སྤྱི་དོན་དང་ཡན་ལག་སོགས་གོ་བ་རྒྱ་ཆེ་ནས་ལེན་ཐུབ་པ་ཞིག་བྱུང་། སྔར་དང་མི་འདྲ་བར་སྤྲོ་བ་ཆེ་ལ་དཀའ་ལས་ཚོར་གྱི་མི་འདུག ལྷག་པར་དུ་གུང་སེང་སྐབས་ལའང་ཀློག་འདོད་དང་སྦྱང་འདོད་ཡོད་མཁན་བྱུང་འདུག

     འོན་ཀྱང་ལོ་དེར་ཡིག་རྒྱུགས་ཀྱི་གྲུབ་འབྲས་མི་བཅུའི་འོག་ཏུ་ལུས་འདུག མི་གཞན་གྱི་ཐུགས་ལ་ངས་ལོ་འདིར་སློབ་སྦྱོང་ལ་འཐུས་ཤོར་བཏང་བ་དགོངས་རྒྱུ་ཉག་ཅིག་རེད། འོན་ཀྱང་ང་རང་ལ་བསམ་ན་སློབ་སྦྱོང་གི་དམངས་གཞི་ཚུགས་པའི་དགའ་ཚོར་ཆེན་པོ་ཡོད། ཨང་ཚད་མཐོན་པོ་མ་བྱུང་བར་བློ་འགྱོད་གཏན་ནས་མ་བྱུང་། ལོ་རིམ་གསུམ་པའི་སྐབས་ཀྱི་བསམ་བློའི་བསྒྱུར་བཅོས་དེ་རྒྱུན་མཐུད་པས། ལོ་རིམ་བཞི་པ་ཡན་ལ་བསླེབས་སྐབས། ཡིག་རྒྱུགས་ཀྱི་ཨང་ཚད་ཀྱང་མཐོན་པོར་བསླེབས་སོང་ལ། སློབ་སྦྱོང་ལའང་རང་བློ་ཁེངས་པ་བྱུང་། 

     ངའི་སེམས་ལ་ཡིག་རྒྱུགས་ཀྱི་ཨང་ཚད་ནི། སློབ་ཐོན་ལག་འཁྱེར་གྱི་བང་རིམ་ལས་ཤེས་ཡོན་གྱི་གོ་རིམ་ཡིན་པའི་ཚོར་སྣང་མ་བྱུང་། ངས་ཡིག་རྒྱུགས་གཏོང་བའི་ལམ་ལུགས་འདི་ལ་དགོས་པ་མི་འདུག་རྩ་བ་ནས་ཞུ་ཡི་མེད། འཛམ་གླིང་ཤེས་རིག་ལས་ཁུངས་ཕལ་ཆེ་བ་འདིའི་སྟངས་འཛིན་གྱི་འོག་ཏུ་འགྲོ་བཞིན་ཡོད་པས། ཡིག་རྒྱུགས་ཞེ་དྲག་གལ་ཆེན་པོ་རེད། འོན་ཀྱང་སློབ་ཕྲུག་ཚོའི་ངོས་ནས་ཨང་ཚད་ཁོ་ན་དམིགས་ཡུལ་དུ་འཛིན་རྒྱུ་འདི། ཏན་ཏན་ནོར་བ་རེད་འདུག་ཞུ་ཡི་ཡོད། སྤྱིར་བཏང་སློབ་གྲྭ་ཆེ་ཆུང་ཅི་འདྲ་ཞིག་གི་ནང་དུའང་སློབ་མའི་སེམས་ཁམས་དང་། སྤྱི་ཚོགས་དང་། དུས་ཀྱི་འགྱུར་བ་དང་མཐུན་པའི་སློབ་ཚན་ཡིན་མིན་ལ་མ་ལྟོས་བར། སློབ་ཚན་མང་པོ་ཞིག་སློབ་གྲྭའི་སྒྲིག་གཞིའི་དབང་གིས་སྦྱོང་དགོས་ཐུག་གི་ཡོད། འདིའི་ཐད་ལ་སློབ་གྲྭའི་འགན་འཛིན་རྣམ་པས་ཐུགས་བསམ་བཞེས་དགོས་འདུག མ་གཏོགས་སྔ་མོའི་སྒྲིག་གཞི་རྙིང་པ་ཞིག་རང་སྲུང་དགོས་བྱུང་ན་ཕན་ཐོགས་ཡོད་པའི་ངེས་པ་མེད།

     ཡང་རང་ལ་རྙེད་པའི་ཐབས་ལམ་བེད་སྤྱོད་བྱེད་དགོས། དེ་ཡང་དགེ་རྒན་གཞན་གྱི་བཀས་བཀོད་རྐྱང་པ་ཡང་མ་ཡིན་པར། རང་རང་སོ་སོའི་སྦྱོང་སྟངས་ཤིག་ཀྱང་ཡོང་གི་ཡོད། སློབ་སྦྱོང་གི་དུས་ཡུན་གང་མཚམས་སོང་རྗེས། རང་གི་མྱོང་བའི་ཐོག་ནས་སྒེར་གྱི་ཐབས་ལམ་ཞིག་རྙེད་རྒྱུ་ཡོད། ཐབས་ལམ་དེ་རྒྱུན་དུ་བེད་སྤྱད་ནས་སྦྱངས་ན་ཤེས་སླ། གང་ཡིན་ཟེར་ན། དེ་རང་གི་སེམས་ཁམས་དང་མཐུན་པ་ཡིན་པས་རེད།

     ཡང་སློབ་དེབ་ཀྱི་སྤྱི་དོན་ཁོང་དུ་ཆུད་པར་འབད་དགོས། སྤྱིར་བཏང་གཞུང་དོན་རྒྱ་ཆེ་བ་དང་མགོ་རྙོག་ཆེ་བའི་སློབ་དེབ་གཅིག་གི་མགོ་མཇུག་བར་གསུམ་བློ་ལ་ངེས་པར་ཐབས་ཤེས་གཉིས་ཡོད། ཡང་སེམས་ཁམས་འགའ་ཤས་ཞིག་ལ་དང་པོ་སློབ་ཚན་གྱི་སྤྱི་དོན་ཤེས་པར་བྱས་ནས། དེ་རྗེས་གཞུང་དོན་ཡོངས་རྫོགས་ལ་འཇུག་པ་དང་། ཡང་འགའ་ཤས་སྔོན་ལ་གཞུང་དོན་ཡོངས་རྫོགས་བསླབས་ནས། དེ་རྗེས་སྤྱི་དོན་ཤེས་པར་བྱེད་པའི་སེམས་ཁམས་གཉིས་འདུག

     སྔ་ཕྱི་གང་ལྟར་ཡང་སྤྱི་དོན་ཤེས་པ་གལ་ཆེན་པོ་ཡིན། སྤྱི་དོན་ཤེས་ན་བརྗེད་རྒྱུ་མེད་པར་མི་ཚེའི་ནང་ག་དུས་ཡིན་ནའང་རྣམ་པ་མི་འདྲ་བའི་ཐོག་ནས་བེད་སྤྱོད་བྱེད་ཆོག སྤྱི་དོན་དེ་ཡང་ངོ་བོ་དང་། མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམ། དགོས་པ་སོགས་སུ་རྣམ་གྲངས་ཕྱེ་ནས་སྡོམ་ཚིག་བརྒྱབ་ན་ཧ་ཅང་ལེགས། ཐབས་ལམ་འདི་དག་བརྒྱུད་ནས་སྦྱངས་ན། སློབ་ཚན་དེ་ཅི་འདྲ་ཞིག་ཡིན་མིན་གསལ་ལྷང་ངེར་འཆར་ཡོང་གི་རེད། དཔེར་ན། སློབ་ཚན་གྱི་དེབ་དངོས་སུ་མེད་དུས་ཡིག་ཕྲེང་དང་། པར། ཤོག་གྲངས། དཔེ་རིས་སོགས། དྲན་གསོའི་རྐྱེན་མེད་ནའང་ནང་དོན་བློ་ལ་འཆར་ནུས། རྐྱེན་དེ་དག་ལྟོས་མི་དགོས། ང་རང་གི་ཉམས་མྱོང་ནི་དེ་ལྟར་ཡིན།

     དེ་བཞིན་སྒོམ་གྱི་ཐབས་ལམ་ཡང་ཡག་པོ་ཡོད། སློབ་ཚན་དེ་ཚར་གཅིག་གཉིས་ཡག་པོ་བྱས་ནས་བཀླགས། དེའི་རྗེས་དེབ་ཁ་བརྒྱབ་ནས་བཀླགས་ཟིན་པའི་དོན་ལ་སེམས་གཏད་ནས་སྒོམ་དགོས། སློབ་ཚན་ལ་སྒོམ་རྒྱག་པའི་སྐབས། གལ་ཆེ་ཤོས་ནི་ལམ་སེང་དྲན་དགོས་སྣང་དང་། སེམས་ལ་གསལ་ལེར་ཤར་དགོས་སྣང་། ཡང་ན་དྲན་རྒྱུ་མེད་པར་ནག་ཐོམ་མེར་ལུས་པའི་སྐབས་སུ། སེམས་ལྷོད་ལ་ཕབ་ནས་སྒུགས་ན་དྲན་ཡོང་། སྐབས་རེ་ཆེད་དུ་དྲན་ཨེ་ཐུབ་ལྟ་དགོས། སྒུགས་འབད་གཉིས་ཀྱིས་རང་གི་ཀློག་པ་རྣམས་དྲན་ཡོང་།

     ཡང་དོན་ཚན་འགའ་རེ་མ་དྲན་ན། དེ་མ་ཉིད་དུ་དེབ་ལ་མི་ལྟ་བར་ཅུང་ཟད་སྒུགས་ན་དྲན། གལ་སྲིད་མ་དྲན་པ་ཡིན་ནའང་དེའི་རྗེས་མ་རྣམས་ལ་སེམས་གཏོད། སྔ་ཕྱི་དོན་འགའ་ཤས་དྲན་ན་དེའི་རྐྱེན་གྱིས་སྔར་དྲན་མ་ཐུབ་པ་རྣམས་ཀྱང་དྲན་ཐུབ། དྲན་སྒོམ་འདི་ལ་སེམས་ལྷོད་པ་དང་ཅུང་ཟད་སྒུག་ནུས་ན་སྔར་བཀླགས་པའི་དོན་གང་མཚམས་བློ་ལ་ཆུད་པ་མ་ཟད་བརྟན་པ་གནས་ཐུབ། དེ་ལྟར་ཀློག་པ་དང་སྒོམ་པ་གཉིས་ཟུང་འབྲེལ་གནང་ན། ཤེས་ཡོན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་ཡིན། དེང་སང་མང་ཤོས་ཀྱིས་དེབ་མང་པོ་ཀློག་གི་ཡོད་མོད། དྲན་སྒོམ་བྱེད་པ་ཉུང་ཉུང་ཡིན། སློབ་ཚན་གཅིག་གི་ནང་དོན་ཤེས་པ་ལ་ཀློག་པ། སྒོམ་པ། མཆན་འགོད་པ་འདི་གསུམ་ངེས་པར་དུ་ཚང་དགོས། འདི་གསུམ་ཡོད་ན་རང་གི་ཤེས་ཚད་ཡར་རྒྱས་འགྲོ་ཐུབ།

     ང་ཚོའི་ཀླད་ཁམས་འདིར་ཚན་རིག་པའི་འགྲེལ་བཤད་ལྟར་ན། ཐག་རིང་པོར་དྲན་ཐུབ་པའི་ཀླད་ཁམས་དང་། ད་ལྟ་རང་དྲན་ཐུབ་པའི་ཀླད་ཁམས་གཉིས་སོ་སོ་ཡོད་པར་གསུང་གི་ཡོད། གང་ལྟར་ཡང་སེམས་ལ་ཡུན་རིང་དྲན་ཐུབ་མིན་ནི། ཡུན་རིང་སྒོམ་མ་སྒོམ་ལ་འགྲོ་ཡི་ཡོད་པ་ང་རང་ཚོའི་ཉམས་མྱོང་ལས་ཤེས་པ་རེད། འདིས་སློབ་སྦྱོང་བྱེད་སྟངས་སྐོར་རོབ་བསྡུས་ཤིག་ཞུས་པ་ཡིན།

༣. སློབ་ཚན།
     སློབ་ཚན་དེ་གངས་ལྗོངས་ཀྱི་རིག་གཞུང་ལྟར་ན་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་སྟེ་རིག་གནས་ཆུང་བ་ལྔ་བཅས་བསྡོམས་པའི་བཅུ་ཕྲག་རིག་པའི་གནས་ཞེས་བརྗོད་ཀྱི་ཡོད། དེང་སང་ཡིན་ན་ཚན་རིག་པས་རིག་སྒོ་མང་པོ་ཞིག་གསར་དུ་བསྣན་ཡོད་པས། དངོས་ཁམས་རིག་པ་དང་། རྩིས་རིགའཕྲུལ་ཆས་རིག་པ་ལ་སོགས་པ་ཇི་སྙེད་ཅིག་ཡོད། འོན་ཀྱང་མདོར་བསྡུས་ན་དེ་ཐམས་ཅད་འགྲོ་བ་མིའི་རང་བཞིན་སྲུང་སྐྱོབ་དང་འཛམ་གླིང་སྤྱིའི་ཞི་བདེ་ལ་མི་གནོད་པ་ཞིག་ངེས་པར་དུ་དགོས། ལོ་རྒྱུས། སྤྱི་ཚོགས། མིའི་རང་བཞིན་གྱི་འདོད་པ་སོགས་གང་ལ་བསམ་ནའང་གལ་ཆེན་པོར་མཐོང་།

     དེའི་སྟེང་དུ་སློབ་ཚན་དེ་དུས་དང་ཁོར་ཡུག་དང་མཐུན་པ་དགོས། སློབ་ཚན་མང་ཤོས་ཤིག་དུས་དང་ཁོར་ཡུག་དང་འབྲེལ་བ་མེད་པས། རང་གི་མི་ཚེ་ལ་ཕན་ཐོགས་མེད་པ་དེ་འདྲ་ཡོང་གི་ཡོད་པས། སློབ་ཚན་དེས་རང་གི་མི་ཚེ་ལ་ཕན་ཐོགས་ཡོད་མཁན་ཞིག་དགོས།
     
     ཕན་ཐོགས་དེ་ཡང་རང་གི་སེམས་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། སློབ་སྦྱོང་བྱེད་དུས་སློབ་ཚན་མང་པོ་ཞིག་སྦྱངས་ནས། རྗེས་སུ་དེའི་ལས་གནས་ལ་ཞུགས་ཡོང་སྐབས། སེམས་ལ་བདེ་སྐྱིད་གཏན་ནས་མེད་མཁན་དེ་འདྲ་ཡང་ཡོང་གི་ཡོད། དེ་ཡང་མིའི་སྐྱོན་མིན་པར་སློབ་ཚན་གྱི་ངོ་བོའི་ཆ་ནས་སེམས་ཀྱི་ཞི་བདེ་དང་འགལ་བ་དེ་འདྲ་ཡོང་གི་འདུག

     དེ་བཞིན་ཁོར་ཡུག་ལ་མི་གནོད་པ་ཞིག་དགོས། དེང་སང་སློབ་སྦྱོང་གི་འབྲས་བུར་འཛུགས་སྐྲུན་སྣ་ཚོགས་བྱེད་ཐུབ་ཀྱི་ཡོད་ཀྱང་། དེ་མཚུངས་ཁོར་ཡུག་གཏོར་བརླག་གཏོང་གི་ཡོད། རང་གི་འཚོ་རྟེན་གྱི་སློབ་སྦྱོང་དེ་མང་ཚོགས་སྤྱིའི་ཁོར་ཡུག་ལ་གནོད་ན་བློ་ཕམ་དགོས་པ་ཞིག་རེད། ཡུན་རིང་གྲུབ་འབྲས་དེ་སྤྱི་ཚོགས་ཞབས་ཞུ་ལ་མི་ཕན་པ་མ་ཟད། ཧ་ཅང་གནོད་ཚབས་ཅན་དུ་སོང་བ་རེད།

     མདོར་བསྡུས་ནས་བཤད་ན་སློབ་ཚན་ནི། འཛམ་གླིང་ཞི་བདེ་ལ་མི་གནོད་པ། དུས་རབས་དང་མཐུན་པ། སེམས་ཀྱི་ཞི་བདེར་མི་གནོད་པ། ཁོར་ཡུག་ལ་མི་གནོད་པ་བཅས་ཀྱི་ཆ་རྐྱེན་ལྡན་པ་ཞིག་བྱུང་ན་སྙམ།
     
     སྤྱི་ལོ་ ༢༠༡༢།༠༨།༢༥ ཉིན་འཇར་མ་ནི་རྒྱལ་སར་མོན་ཊི་སོ་རིའི་སློབ་གྲྭར། སློབ་སྦྱོང་བྱེད་ཚུལ་སྐོར་ལ་གསུང་བཤད་གནང་བ། ཡིག་ཕབ་པ། དཀར་པོ་འཚོལ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།