རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 25 November 2021

ཁ་བྱང་མེད།

སློབ་སྤྲུལ་ཚེ་རིང་དབང་འདུས།

འཁོར་བ་ནི་སྡུག་བསྔལ་རང་བཞིན་ཟེར།།
བདག་ཉིད་ནི་བདེན་འཛིན་བཅིངས་དྲགས་ནས།།
སྡུག་བསྔལ་དུ་མ་ཤེས་ཡུན་རིང་འཁྱམས།།
གློ་བུར་གྱི་བདེ་བ་འབའ་ཞིག་དྲན།།

ཡུལ་སྣང་གི་མཛེས་སྡུག་དཔག་མེད་འདི།།
སྒོ་ལྔ་ཡི་ཤེས་པས་བློས་གཏོང་དཀའ།།
ཆོས་གཟུགས་ཀྱི་མིང་ཙམ་འཛིན་འཛིན་ནས།།
གློ་ཁ་འདི་ཆོས་ཕྱོགས་འགྱུར་བར་དཀའ།།

བདེན་མེད་དང་རྟེན་འབྲེལ་བཤད་བཤད་ནས།།
བགྲང་བྱ་ཡི་ཐེམ་སྐས་བརྒལ་ཐེངས་རེར།།
ངོ་གདོང་གི་གཉེར་རིས་བསྟར་ལ་བསྒྲིགས།།
ད་དུང་ཡང་ཚིག་གི་གཟེགས་མ་ལ།།
མགོ་བོ་འདི་གདུགས་ལྟར་འཁོར་བཞིན་གནས།།

མི་ཚེ་ནི་དབང་པོའི་གཞུ་རིས་བཞིན།།
སྐད་ཅིག་ཏུ་འཆར་ཞིང་ཡུད་ཀྱིས་འགག།
མཐའ་མཇུག་གི་གོམ་པ་འདོར་ས་ནི།།
དུར་ཁྲོད་ཀྱི་མི་མེད་ལུང་སྟོང་ངོ་།།

འདིར་སྣང་གི་འཇོ་སྒེག་མཚར་སྡུག་ལ།།
ཞེན་ཆགས་ཀྱི་བརྩེ་སེམས་དྲག་ཏུ་འཕྱུར།།
མི་བརྟན་པའི་རང་བཞིན་ཤེས་ན་ཡང་།།
གནད་གསང་འདི་ཁ་ལྕེའི་དབར་ལ་ཐིམས།།

འདོད་ཆགས་ཀྱི་མེ་སྟག་ཚ་ཚ་འབར།།
ཞེ་སྡང་གི་ཁྲོ་གཉེར་འཇིགས་སུ་རུང་།།
གཏི་མུག་གི་ལིང་ཏོག་སྟུག་པོར་བསྒྲིབས།།
དུག་གསུམ་གྱི་ལྷགས་པ་དྲག་ཏུ་ལྡང་།།

མགོ་བོ་འདི་སྔས་མགོར་བསྙེས་ཙ་ན།།
རྣམ་རྟོག་གི་འཆར་སྣང་ཚད་མེད་བསྐྲུན།།
གློ་བུར་དུ་ཆུ་འཛིན་འཐིབས་པ་བཞིན།།
འདས་མ་ཡི་རྐང་རྗེས་རྩད་བཅད་ཚེ།།

མི་ཚེ་འདི་འཇིགས་རུང་གཡང་ས་ལྟར།།
དགའ་སྤྲོ་ཡི་སྙིང་ཁོང་འཛུམ་མེར་མེར།།
ཉ་གང་གི་ཟླ་བའི་དཀྱིལ་འཁོར་བཞིན།།
འདྲེན་བྱེད་དུ་སྣང་ཡང་ཡུད་ཙམ་རྗེས།།

སྒྱུ་ལུས་འདི་གཟེར་གྱིས་ཕུག་པ་བཞིན།།
ན་ཟུག་གི་སྨྲེ་སྔགས་དབང་མེད་ཤོར།།
སྡུག་བསྔལ་གྱི་དམྱལ་བའི་མེ་དོང་ནང་།།
ཚུད་པ་ལྟར་འཁོར་བའི་སྣང་ལུགས་མཚར།།

དེ་རིང་གི་མཐོང་བའི་མེ་ཏོག་དེ།།
སང་ཉིན་ནི་ཆར་རླུང་དྲག་པོས་བཅོམ།།
གནངས་ཉིན་ནི་རུལ་དྲི་ལྡང་བཞིན་དུ།།
ཐེ་མཛུབ་བར་བཙིར་ཞིང་འབྱོལ་ཐབས་བྱས།།

མཛེས་པོ་དང་ཡིད་འོང་གཟུགས་རིས་རྣམས།།
ཀུན་རྟོག་གིས་བཏགས་ཤིང་གཡམ་རྒྱུག་བྱས།།
སྲེད་པ་ཡིས་ལྕགས་སྒྲོག་དམ་དུ་བཅིངས།།
བཙོན་ར་ཡི་གཟེབ་ཏུ་སྔ་ནས་ཚུད།།

མཛེས་པ་ཡི་བཀྲག་མདངས་ཡོད་ཚད་ཀུན།།
སྲང་ལམ་གྱི་སྐྱུག་བྲོའི་རང་གཤིས་བཟུང་།།
ལེགས་ཉེས་ཀྱི་སེམས་ཀྱིས་འཛིན་སྟངས་དེ།།
དྲན་བཞིན་དུ་སྙིང་ཤ་འདར་ཁྱོམ་ཁྱོམ།།

དེ་འདྲ་ཡི་འཁོར་བའི་སྣང་ལུགས་རྣམས།།
མ་བཅོས་ཤིང་སྲོང་པོར་བརྗོད་པ་སྟེ།།
སྙན་ངག་གི་སྒྲོ་བཏགས་དེ་བས་མིན།།
རྣམ་དཔྱོད་ཀྱིས་གཞལ་བའི་གཏན་ཚིགས་སོ།།

རྩོམ་པ་པོའི་ངོ་དེབ་ནས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།