བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་དགེ་ཟུར་པ་
བྱམས་པ་ཚུལ་ཁྲིམས་ཀྱིས་བརྩམས།
སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ལེགས་ངག་མཆོག་ནི་རྩོམ་པར་གསུངས། ། ཞེས་དང། «དཔག་བསམ་འཁྲི་ཤིང་»ལས། མཁས་པ་རྣམས་ནི་མེད་ན་བློ་གྲོས་རྣམས་ཉམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་རྣམས་ནི་ནེ་ཙོའི་ཀློག་དང་མཚུངས། །ཞེས་མཁས་པའི་ཚད་གཞི་དཔོག་བྱེད་གཙོ་བོ་རྩོམ་གྱིས་བྱེད་པ་བསྟན་ལ། དེ་བཞིན་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་«ཚངས་སྲས་བཞད་པའི་སྒྲ་དབྱངས་»ནང་། "མ་མཐའ་འཕྲིན་ཡིག་ཙམ་ལའང་སྙན་ངག་གི་ཚིག་འདི་ལས་མ་འདས་པས། འདི་ནི་རིག་གནས་ཀུན་ལ་ཁྱབ་པའི་མིག་ཏུ་འགྱུར་བ་ཡིན།" ཞེས་གསུངས་པ་ལྟར། དེ་དག་ལས་མཐོང་གསལ་གནའ་བོའི་བོད་རྒྱའི་མཁས་པ་རྣམས་ཀྱིས་ཀྱང་། རྩོམ་འབྲི་རྒྱུར་མཐོང་ཆེན་དང་གཙིགས་ཆེར་འཛིན་པ་རྟོགས་ཐུབ།
དེ་བཞིན་མི་རྣམས་ནི་སྤྱི་ཚོགས་གང་ཞིག་གི་ཁོར་ཡུག་ནང་དུ་འཚོ་བ་སྐྱེལ་དགོས་ཤིང་། དེའི་བརྒྱུད་རིམ་ཁྲོད་མཐོང་ཐོས་དྲན་རེག་གང་ཡང་བྱུང་བ་ལས་ཚོར་བ་མངར་སྐྱུར་དགའ་སྡང་ཅི་ཡང་འབྱུང་སྲིད་པས། དེ་དག་ཡི་གེར་ཕབ་ན་གཞི་ནས་མི་རྣམས་ཀྱི་སེམས་པའི་ནང་རྒྱུན་རིང་ཉར་ཐུབ་པ་དང་། མི་རྣམས་ཀྱིས་དེར་ཁོང་ཁྲོ་བྱ་ཡུལ་གང་དང་སྙིང་རྗེ་སྐྱེ་ཡུལ་ཅི་ཡིན་པ་རྩོམ་པ་པོ་དང་ལྷན་དུ་གདུང་སེམས་མཉམ་སྐྱེ་བྱེད་ངེས། དེའང་ཚད་མཐོ་ཙམ་ནས་བཤད་ན། རྩོམ་འབྲི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་གྲུབ་ཆ་གཙོ་ཆེན་ཞིག་ཡིན་ཞིང་། མིའི་སྤྱི་ཚོགས་ཀྱི་ཤེས་རིག་དང་རིག་གནས་ཀྱི་འཕེལ་རྒྱས་མཐའ་དག་ནི་རྩོམ་དང་ཁ་བྲལ་ཐབས་མེད། ཚད་གཞི་དམའ་ཙམ་ནས་གླེང་ན། མི་ཚང་མ་ཤེས་རིག་ལ་སྦྱང་བརྩོན་དང་བསམ་ཚུལ་བརྗེ་རེས། བརྩེ་དུང་མཚོན་རེས་སོགས་བྱེད་དགོས་ཤིང་། དེ་དག་ཚང་མ་རྩོམ་ལ་བརྟེན་དགོས་ལ། རིག་པ་གཞན་སློབ་སྦྱོང་བྱེད་པར་ཡང་རྩོམ་ལ་བརྟེན་དགོས།
ཀོའར་ཅིས། "དཔེ་དེབ་ནི་མིའི་རིགས་ཡར་ཐོན་འགྲོ་བའི་སྐས་རིམ་ཡིན།" ཞེས་གསུངས། གསར་གཏོད་པ་ཆེན་མོ་ཨེ་དབྱིན་སི་ཐན་གྱིས། "ཞིབ་འཇུག་ཁོ་ན་ལས་རྩོམ་འབྲི་མ་ཤེས་མཁན་གྱི་ཚན་རིག་མཁས་ཅན་ལ་ཚན་རིག་པ་ཞ་བོ་"ཞེས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས། བཟོ་ལས་ཀྱི་སྐད་ནི་དཔེ་རིས་དང་། ཚན་རིག་གི་སྐད་ཆ་ནི་རྩོམ་ཡིན་ཞེས། དཔེ་རིས་ནི་གཏེར་ཁ་སྔོག་འདོན་དང་། འགྲིམ་འགྲུལ་ལམ་བཟོ། ཨར་རྒྱག་འཛུགས་སྐྲུན། དེ་བཞིན་གྱོན་ཆས་འདྲེག་ཚེམ་བཅས་ཚང་མར་དཔེ་རིས་དགོས་པ་བཞིན། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ཚང་མར་རྩོམ་གྱིས་ཁ་མ་གྲགས་ན་གཞན་གྱིས་རྟོགས་ཐབས་བྲལ་ལ། རང་གིས་ཀྱང་ཞིབ་འཇུག་བྱ་ཐབས་མེད་པས། རྩོམ་འབྲི་བ་ནི་དུས་རབས་ཀྱི་དགོས་མཁོ་དང་དུས་རབས་འཕེལ་ཕྱོགས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན།
ང་ཚོས་རྩོམ་འབྲི་སྦྱོང་གི་དགོས་པ་མཚོན་ཆེད་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་ཨ་མེ་རི་ཁའི་སྐད་གྲགས་ལྡན་པའི་ཧ་ཧྥོ་སློབ་གྲྭ་ཆེན་མོར་ཆ་མཚོན་ན། ཁོང་ཚོས་སློབ་གྲྭ་བའི་རིག་ལམ་དཔྱད་གཏམ་གྱི་རྩོམ་ཡིག་ལ་རེ་བ་ཧ་ཅང་ནན་པོ་བཅོལ་གྱི་ཡོད། གལ་སྲིད་རིག་ལམ་དཔྱད་གཏམ་གྱི་རྩོམ་ཡིག་ཚད་མ་ལོན་ཚེ། གཏན་འབེབས་ལྟར་གསབ་རྒྱུགས་ལེན་དགོས་ཤིང་། དེ་ལས་ལྡོག་ན་སློབ་གྲྭ་མཐར་ཐོན་པ་མི་བརྩི། མ་ཧྲང་དངོས་ཁམས་བཟོ་རིག་སློབ་གྲྭ་ཆེན་མོའང་ཁོང་ཚོའི་རིམ་པ་དང་གྲས་ཀྱི་སློབ་གྲྭ་ཡིན་པས། ཁོ་ཚོའི་ཆེད་ལས་སློབ་ཚན་ཚང་མར་རྩོམ་འབྲིའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། གང་འདྲ་བྱས་ནས་ལྷུག་རྩོམ་འབྲི་དགོས་སམ། ཞེས་པའི་ཁ་བྱང་བྱས་པའི་དཔྱད་རྩོམ་ལའང་ཧྲེ་ཧྲེའི་སློབ་གནས་སྤྲོད་ཀྱི་ཡོད། དེ་བཞིན་འབྲེལ་ཡོད་དཔྱད་གཞིར་མཐོང་
གསལ། ཡོ་རོབ་པ་དང་རི་པིན་གྱི་གནས་ཚུལ་ཡང་ཨ་མེ་རི་ཁ་དང་འདྲ་པོ་ཡོད། རི་པིན་ལ་ཆ་མཚོན་ན། ལས་འཛིན་ པ་(ཅིང་ལི་)ཞིག་གདན་འདྲེན་ཞུ་བར་རྩོམ་འབྲིའི་ཡིག་རྒྱུགས་ལེན་པ་མ་ཟད། ཐ་ན་བཟོ་པ་དཀྱུས་མ་ཞིག་དང། ཚོང་ཁང་གི་ཅ་དངོས་འཚོང་མཁན་ཞིག་བསྡུ་སྐབས་ཀྱང་རྩོམ་འབྲིའི་རྒྱུགས་ཚད་ལེན་ལ། དེ་དག་ལ་གལ་ཏེ་ཡིག་ཐོག་ཏུ་འབྲི་བའི་ནུས་པ་མེད་ཚེ། འཚོ་གནས་ཀྱི་འགྲན་རྩོད་ལས་ལྷུང་འགྲོ་བ་ཡིན།
དེས་ན་ཚན་རིག་དར་རྒྱས་ཆེ་ཞིང་གློག་རྡུལ་གྱི་ཞིང་ཁམས་སུ་འགྱུར་བའི་རྒྱལ་ཁབ་ལའང་རྩོམ་འབྲི་ཤེས་དང་མ་ཤེས་ཞེས་པ་ནི། མི་གཅིག་གི་ཡོན་ཏན་གྱི་ཚད་གཞི་ཇི་ཡོད་དཔོག་བྱེད་དུ་གྱུར་ཡོད་ལ། ལྷག་དོན་དེང་སྐབས་ཤེས་རིག་ཀློང་རྡོལ་བའི་ལོ་ཟླའི་ནང་ལོ་རེར་དཔེ་དེབ་རིགས་སྣ་འབུམ་ཕྲག་མང་པོ་ཐོན་བཞིན་ཡོད་ལ། དེ་ཡང་ཚན་རིག་ལག་རྩལ་དང་རིག་གནས་སློབ་གསོ་ཇི་ཙམ་གྱིས་འཕེལ་རྒྱས་སོང་བ། དེ་ཙམ་གྱིས་རྩོམ་འབྲིར་མཐོང་ཆེན་བྱེད་བཞིན་ཡོད་པ་མ་ཟད། མི་རིགས་སམ་རྒྱལ་ཁབ་གང་ཞིག་གིས་རྩོམ་འབྲིར་མཐོང་ཆེན་བྱས་པས། མི་རིགས་སམ་རྒྱལ་ཁབ་དེའི་ཚན་རིག་ལག་རྩལ་དང་རིག་གནས་སློབ་གསོར་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད།
མདོར་ན་རྩོམ་འབྲིར་མཐོང་ཆེན་བྱེད་དང་མི་བྱེད་ཀྱི་གནད་དོན་ནི། མི་རིགས་དེའི་བྱང་ཚད་མཐོར་འདེགས་ཡོང་དང་མི་ཡོང་གི་འགག་གནད་ལ་ཐུག་ཡོད་པས། ང་ཚོས་རྩོམ་ཡིག་འབྲི་སྦྱོང་ལ་མཐོང་ཆེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
_______________
མ་ཁུངས།: «རྩོམ་འབྲི་རིག་པའི་རྨང་གཞིའི་གཞུང་ལུགས་གསར་མ།» བྱམས་པ་ཚུལ་ཁྲིམས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡༢ ནས་ ༡༤ བར།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།