བསྟན་འཛིན་ལེགས་གྲུབ། སྔ་འགྱུར་མཐོ་སློབ་ཆེན་མོ།
མི་ཚེ་ཟེར་བ།
མི་ལོ་དྲུག་ཅུའི་ཚད་དུ་བཏང་ན།
ད་ཚོད་ང་ཡི་མི་ཚེ་ཕྱེད་ཀ་རྫོགས་ཟིན་ཐལ་ཏེ།
འདས་ཟིན་མི་ཚེ་ཕྱེད་ཀའི་མི་ལོ་དགུ་ཡི་རིང་ཕ་མ་སྤུན་ཟླ་འཛོམས་སར།
གཞན་ལ་འཛེམ་དོགས་མེད་པའི་ང་རང་བྱིས་པ་ཡིན་དུས་རེད།
དེ་དུས་ཀྱི་སེམས་པ། དྭངས་ཤིང་གཙང་བའི་འོ་མ་འདྲ་བ།
དེ་དུས་ཀྱི་ང་རང་། འཛུམ་གྱིས་ཁེངས་པའི་མེ་ཏོག་འདྲ་བ།
མི་ཚེ་བདེ་སྐྱིད་ངང་བསུས་ཤིང་།
དེ་དུས་ཟས་ལ་བཅུད་ཅིག་ཡོད།
དེ་དུས་སེམས་ལ་འོད་ཅིག་ཡོད།
དེ་དུས་ཁོག་ལ་དྲོད་ཅིག་ཡོད།
དེ་དུས་གདོང་ལ་འཛུམ་ཞིག་ཡོད།
ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་མཛེས་པའི་འོག་ན་རེད།
རྩ་ལྗང་ལོ་ཐིང་ངེར་ཡོད་ས།
མེ་ཏོག་སྣ་ཚོགས་ཁྲ་མེར་སྐྱེ་ས།
རི་ལུང་ཐང་གསུམ་དགོད་སྒྲས་ཁེངས་ས།
ཕ་མ་བཟང་པོའི་བྱམས་སྐྱོང་འོག་ནས།
ཆུང་ནས་འདྲིས་པའི་གྲོགས་པོའི་ལྷན་དུ།
སེམས་པའི་ནང་དུ་སྤོབས་པ་ཡོད་དུས་རེད།
ད་བཟོད་ངས་གང་ནས་བསམས་ཀྱང་ཆུང་དུས་སེམས་ལ་འོད་སྣང་ཞིག་དང་།
སྐྱིད་སྣང་ཞིག་ཡོད།
རང་ལོ་བཅུ་པར་སློབ་གླིང་ཐོག་མར་འགྲིམས་པ་ནས།
ལྷད་མེད་ཀྱི་སེམས་ཁོང་ན་ང་ཚོའི་ཡི་གེ
ང་ཚོའི་སྐད་རིགས། ང་ཚོའི་རིག་གཞུང་། ང་ཚོའི་ཆོས་ལུགས།
ང་ཚོའི་འགྲོ་སྲོལ་འདུག་སྲོལ་སོགས་བསླབས་པ་ནས་བཟུང་།
འོ་ཆུ་འདྲ་བའི་སེམས་ཁོང་ན།
ཀུན་རྟོག་ཉ་མོའི་གཤོག་རྩལ་རྒྱས་ཤིང་།
བཟང་ངན་འཛིན་པའི་སྤྲིན་ནག་འཁྲིགས་ཏེ།
ང་ཁྱོད་བཤད་པའི་འབྲུག་སྒྲ་དིར་བས།
སྐབས་འགར། གྲྭ་ས་ནས་གྲྭ་སར་སྐྱིད་སྣང་ཚོར་ལ།
སྐབས་འགར། གྲྭ་ས་ནས་སྐྱ་སར་སྐྱིད་སྣང་ཤར་ཤིང་།
གང་ལྟར། ཆོས་དང་འཇིག་རྟེན་གང་གི་ཡང་ལམ་བུར་བསྙེགས་མི་ཐུབ་པའི་བར་དོའི་སེམས་པ་བཞིན་གང་སར་འཕྱན་ཏེ། མི་ཚེའི་གོ་བ་མ་རྙེད།
དམིགས་ཡུལ་གྱི་སྣེ་མ་ཟིན།
ཕར་མེད། ཚུར་མེད། བྱ་མ་བྱིའི་ཕ་ལྦང་བཞིན།
མི་ཚེ་ཁ་བྱང་མེད་པའི་ལམ་ཕྱོགས་ནས།
ཉིན་རེར་སེམས་ནང་གི་འོད་སྣང་དང་།
སྐྱིད་སྣང་ཇེ་ཡལ་ཇེ་ཆུང་དུ་འགྲོ་བ།
སེམས་རེ་སྐྱོ།།
༢༠༢༡/༡༠/༡༦
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།