རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 1 December 2021

མཁན་ཆེན་བཀའ་དྲིན་ཅན་ལ་བསྟོད་པ།

མཁན་པོ་དམ་ཆོས་རྒྱ་མཚོ།

ཨོཾ་སྭ་སྟི། 
རབ་མཛེས་དཀར་ལ་དམར་བའི་འཇོ་སྒེག་ཅན།། 
འཇམ་གཉེན་སོར་རྩེའི་རྒྱུད་མང་རབ་བཀྲོལ་ཏེ།།
སྙན་འཇེབས་རྣ་བའི་བུ་གར་སྟེར་བའི་དཔལ།།
དབྱངས་ཅན་ལྷ་མོ་བདག་མགྲིན་ཁབ་ཏུ་རོལ།། 

དུས་མཐའི་རྒྱལ་བསྟན་གསལ་བའི་ཉི་གཞོན་ཟུང་།། 
གྲུབ་དབང་མགོན་དང་ཆོས་རྗེ་ཡིད་བཞིན་ནོར།། 
བསྟན་པའི་ཁུར་ཆེན་འདེགས་ལ་རྣམ་གྲོལ་མཚན།། 
བསམ་བཞིན་སྲིད་པ་གཟུང་ལ་གུས་ཕྱག་འཚལ།། 

མཁས་པའི་ཚད་ལ་མདོ་རྒྱུད་གཏིང་མཐའ་ལོན།། 
བཙུན་པའི་ཚད་ལ་ཚུལ་ཁྲིམས་མིག་ལྟོས་གྱུར།། 
བཟང་བའི་ཚད་ལ་ཆེ་རྒུའི་གཙུག་ཏུ་བཀུར།། 
ཡོན་ཏན་གཏེར་མཛོད་མཆོག་ལ་གུས་ཕྱག་འཚལ།། 

གང་གིས་ཟབ་ཆོས་བདུད་རྩི་སྩོལ་བའི་སྐབས།།
འཆད་རྩལ་སྡེབ་སྦྱོར་ཚིག་གི་སྤུ་རིས་ཀྱིས།། 
བྱིང་རྨུགས་སྣང་བའི་མུན་པ་གཏན་བཅོམ་ཏེ།།
དད་སྤྲོ་སྣང་བའི་ཡིད་ཀུན་འོད་ཀྱིས་ཁྱབ།། 

གྲུབ་མཐའི་ལྟ་གྲུབ་གཏན་ལ་འབེབས་པའི་སྐབས།། 
གོང་འོག་ཐེག་པའི་ཐེམ་སྐས་མ་འཁྲུག་ཅིང་།། 
མཐའ་བྲལ་སྟོང་ཉིད་གཏན་ལ་འབེབས་པའི་ཚེ།།
མཁན་ཆེན་ཁྱེད་ནི་དཔལ་མགོན་ཀླུ་སྒྲུབ་དངོས།།

མདོ་སྔགས་ཐེག་པའི་ཁྱད་ཆོས་འབྱེད་པའི་སྐབས།། 
བསྐྱེད་རྫོགས་ཟུང་དང་ཕྱག་ཆེན་རྫོགས་ཆེན་སོགས།
ཐུན་མོང་ཐུན་མིན་དཀའ་གནད་དབྱེ་བའི་ཚེ།། 
མཁན་ཆེན་ཁྱེད་ནི་ཟུར་ཕུད་ལྔ་པ་དངོས།། 

རྫོགས་ཆེན་ནང་བརྒྱུད་སྡེ་གསུམ་འཆད་པའི་སྐབས།། 
སེམས་རིག་ཕྲ་བའི་རིག་པ་ཤན་འབྱེད་ཀྱིས།།
མན་ངག་གྲོལ་ལམ་ཁྱད་འཕགས་འབྱེད་པའི་ཚེ།། 
མཁན་ཆེན་ཁྱེད་ནི་ཨོ་རྒྱན་ཆེན་པོ་དངོས།། 

ཁྱད་པར་ཡང་གསང་མཐར་ཐུག་འཆད་པའི་དུས།། 
རིག་པ་ནང་གསལ་རོལ་པ་ཕྱིར་ཤར་ཚུལ།། 
རྒྱུད་ཚིག་མན་ངག་སྦྱར་ནས་བཀྲལ་བའི་དུས།། 
མགོན་པོ་ཁྱེད་ནི་ཀློང་ཆེན་རབ་འབྱམས་དངོས།། 

རྒྱས་སྤྲོས་གཟིམས་ཁང་མིང་གྲགས་རླངས་འཁོར་སོགས།། 
རྒྱུ་ཆེན་འབུལ་བ་སྤྱན་ལ་མི་འབབ་ཅིང་།། 
གབ་པའི་མན་ངག་ཟུར་ཙམ་མི་སྟོན་པ།། 
མཁན་ཆེན་ཁྱེད་ནི་ཤྲཱི་སིངྷ་དངོས།། 

མདོར་ན་ཁྱེད་ནི་ཚུལ་འཆོས་རིང་དོར་ཏེ།། 
ཉམ་ཆུང་ཆོས་པའི་བརྟུལ་ཞུགས་བསྐྱངས་ན་ཡང་།། 
གཙུག་ཏུ་བཀུར་མཁན་མཁས་གྲུབ་ཁྱུ་ཚོགས་དག།། 
དྲི་ལྡན་བུང་བར་འཁོར་བཞིན་ཇེ་མང་རེད།། 

ཐོས་བསམ་མཐའ་རྒྱ་ཆོད་པའི་ཤེས་རབ་ཆེ།། 
དགོངས་བརྒྱུད་རྟོགས་པ་འཕོས་པས་བྱིན་རླབས་འབར།།
ཉམས་རྟོགས་རྩལ་ཁ་རྒྱས་པའི་རྟོགས་པ་ལྡན།།
ས་སྟེང་འདི་ན་ཁྱེད་ལས་ལྷག་ཞིག་སུ།། 

བདག་ཀྱང་ཁྱེད་དང་མཇལ་ནས་ལོ་ཤས་རིང་།། 
གང་གི་ཐུགས་རྗེས་བསྐྱངས་པའི་བསིལ་གྲིབ་འོག།། 
ཐེ་ཚོམ་དྲྭ་བའི་འདུད་པ་ཡོངས་བརྟོལ་ཏེ།། 
སྒོ་གསུམ་ཁྱེད་ལ་གཏོད་རྒྱུའི་དམ་བཅའ་བཞག།། 

དེང་འདིར་རང་བཞིན་བརྗོད་པ་བསྟོད་པའི་ཚིག།། 
སྙན་པའི་གླུ་རུ་བླངས་ཏེ་ཕུལ་བ་འདི།། 
གཅམ་བུའི་ཚིག་གི་དྲི་མས་མ་སྦགས་ཤིང་།།
དད་མདུན་སྙིང་ལས་འཕྱུར་བའི་རང་སྒྲ་ལགས།། 

འདི་ལས་བྱུང་བའི་དགེ་བའི་ཆ་མཆིས་ན།། 
འཁྲུལ་འཛིན་རྟོག་ཚོགས་དབྱིངས་རིག་ཀློང་དུ་ཞི།།
གཞི་མེད་རྩ་བྲལ་རྟོགས་པའི་ཡེ་ཤེས་ཆེ།། 
རང་རིག་སྐུ་གསུམ་མངོན་དུ་འགྱུར་བར་ཤོག།

     དཔལ་ལྡན་བླ་མ་དམ་པ་མཁན་ཆེན་བཀའ་དྲིན་ཅན་མཆོག་ནས། ཆོས་དབྱིངས་རིན་པོ་ཆེ་ལྗགས་ཁྲིད་མཐའ་གྲུབ་པའི་དགའ་སྟོན་གྱི་ཚོགས་འཁོར་གྱི་མཐར། མགོན་པོ་གང་གི་ཞལ་སློབ་དུ་གྱུར་པའི་སྐལ་པ་དང་ལྡན་པ་དམ་ཆོས་རྒྱ་མཚོས། སྤྱི་ལོ་ ༢༠༢༡/༡༡/༢༡ ལོར་གུས་པས་ཕུལ་བའོ།། །།

རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།