རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 26 January 2022

ཞོགས་པའི་ཅོང་བརྡ།

ས་ལྡང་པདྨ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


ཀྱེ་མ།
དེ་རིང་གི་ཞོགས་པའི་ཅོང་བརྡས།
གཉིད་ཀྱི་མུན་ནང་དུ་ཐིམས་པའི།
ཁྲ་ཁྲ་དང་མཛེས་མཛེས།
དགའ་དགའ་དང་སྐྱིད་སྐྱིད་ཀྱི་མུན་རུམ་ན་ཉུལ་བཞིན་པའི་རྨི་ལམ་ཡང་།
ལ་མོ་ཐོན་པོ་ཞིག་དང་། གཞུང་ལམ་རིང་མོ་ཞིག་གི་ཕ་རོལ་ཏུ། བརླག་པར་བྱས།
རེ་ཞིག སྙིང་ཆུང་དམར་པོའི་ཕར་མཚམས་ཡང་།
ཇེ་མགྱོགས་སུ་སོང་།
ཅི་འདྲའི་ཚེར་བ་ལ་ཨང་།

མ་རེད།  
དེ་ནི་མི་ཚེ་གཉིད་ལས་གསོད་པའི་ཅོང་བརྡ་རེད།
གཞོགས་པའི་ཅོང་བརྡ་དེ།
ཕྲ་སྒྱུས་བསླས་པའི་རྨི་ལམ་ཞིག་གི་དགྲ་བོ་ཡིན་མོད།
འོན་ཀྱང་།
དེ་ནི་མི་ཚེའི་མདུན་ལམ་བཟང་པོའི་གཉེན་དུའང་ཆོག

དེ་ནས།
རང་ཤག་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་བརྟོལ་བས།
དེ་རིང་གི་འཁོར་ཡུག་ནི། ནག་ཅིང་ཐིབས་པའི་ན་བུན་གྱིས་བཏུམས་པ།
གནམ་གཤིས་ཀྱང་ལྷག་ཏུ་གྲང་ངར་ལྡན།
འོ་རེད།
སྨིན་དྲུག་ཟླ་བ་ཚེས་པ་རེད།
ས་རྡོ་རྒས་ལ་ཁད་པ་རེད།
ལོ་རྙིང་རྫོགས་ལ་རན་པ་རེད།
ངན་སེམས་དོར་བའི་དུས་ལ་བབས་པ་རེད།

དེ་ནས།
དེ་རིང་གི་གཞོགས་པའི་རང་སྦྱོང་ཡང་འགོ་ཚུགས།
མཐོ་སློབ་ཆེན་མོའི་སློབ་མ་ཚོས།
རྣམ་དཔྱོད་ཀྱི་རལ་གྲི་དབྱིངས་ལ་གདེངས་ཞོར།
བརྩོན་འགྲུས་ཀྱི་མེ་ལྕེ་རྣམ་པར་རྒྱས་པས།
ཤེས་རབ་གླིང་འདི་ཉིད།
རེ་ཞིག་འོད་སྣང་དང་ལྡན་པ་ཞིག་ཏུ་བསྐྲུན་སོང་།

ལྟོས་དང་།
ཤར་ཕྱོགས་རི་བོའི་བརྩེ་ནས།
མཚམས་སྤྲིན་གཞོན་ནུས་ཉིན་བྱེད་དབང་པོ་ལ་བསུ་མ་བྱེད་པ་དང་།
ཤེས་རབ་གླིང་ན་སློབ་མ་ཤེས་རིག་ལ་བརྩོན་བཞིན་པའི་མཛེས་སྡུག་གཉིས།
ཅི་འདྲའི་ཡིད་དབང་འཕྲོག་པ་ལ་ཨང་།

གསོན་དང་།
ཡལ་འདབ་སྟོང་གིས་བསྐོར་བའི་ལྗོན་ཤིང་སྟེང་ན།
བྱ་བྱིའུ་སྣ་ཚོགས་ཀྱི་གྲེ་འགྱུར་དང་།
མཐོ་སློབ་ཀྱི་ལྗོངས་འདིར་གཞུང་ཆེན་བཀའ་པོད་ཁག་གི
གནད་དོན་དང་། རྩ་ཚིག་སྒྲོག་པའི་དབྱངས་གཉིས།
ཅི་འདྲའི་སྙན་འགྱུར་གྱི་དཔལ་དང་ལྡན་པ་ཞིག
མ་ཚད།
དེ་གཉིས་ཅི་འདྲའི་མཚུངས་པ་ལ་ཨང་།

       སྤྱི་ལོ་ ༢༠༢༡ ལོའི་རང་སྦྱོང་སྐབས་སུ་བྲིས་པའི་ཚོར་བ་ཞིག་དེ་རིང་(༢༠༢༢/༠༡/༢༦)ངོ་དེབ་ཏུ་ཕབ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།