རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 14 January 2022

གནས་བརྟན་ཕྱག་མཆོད་གསར་པ།

ཐོད་རྒལ་བ། རྣམ་གྲོལ་གླིང་།


ཐུབ་བསྟན་གླིང་གི་རྒྱབ་ངོས་ན།།
གྱད་ཀྱི་མི་བུ་"རིག་འཛིན་"བཞུགས།།
ལྷག་བསམ་ཁྲི་དང་འབུམ་གྱིས་བསྐོར།།
གཙང་ཕྱགས་བསམ་པ་ཁོག་ན་འཆང་།།

འཆམ་ར་ཆེན་མོའི་ཟུར་སྣེ་ན།།
རྩལ་གྱི་མི་བུ་"བཀྲ་ཤིས་"གནས།།
སྙིང་སྟོབས་འབུམ་དང་སྟོང་གིས་བསྐོར།།
ཚེམ་བཟོའི་འཕྲུལ་ཆས་ལག་ན་ཐོགས།།

གསེར་གྱི་ལྷ་ཁང་ལྷོ་ངོས་ན།།
དཀའ་སྤྱད་"ལྷག་པ་བཀྲ་ཤིས་"གནས།།
དཀའ་སྡུག་ཆེན་པོ་ཁྲི་ཕྲག་བསྐོར།།
ཁྱེམ་དང་ཏོག་ཙེ་ལག་ན་ཐོགས།།

ཟངས་མདོག་དཔལ་རིའི་ཉེ་འགྲམ་ན།།
སྟོབས་རྩལ་"འཇིགས་མེད་དབང་ཕྱུག་"གནས།།
སྙིང་སྟོབས་འབུམ་ཕྲག་མང་པོས་བསྐོར།།
ག་བཏང་གོ་ཆོད་ལུས་ན་བརྒྱན།།

སྒྲོལ་མ་ལྷ་ཁང་གཡོན་ངོས་ན། །
བསམ་ལྷག་སྐྱེས་བུ་"འར་རྡོ་"གནས།།
འཇོན་ཐང་འབུམ་དང་བརྒྱ་ཡིས་བསྐོར།།
འགྲུལ་སྐྱེལ་རླངས་འཁོར་སྐོར་ལ་བྲེལ།།

རྣམ་གླིང་གྲོང་གི་དཀྱིལ་འཁོར་ན།།
ནུས་པ་སྟོང་ལྡན་"པ་སངས་"གནས།།
སྙིང་རུས་བརྒྱ་ཕྲག་བརྒྱ་ཡིས་བསྐོར།།
ཕྱག་ལས་ཀུན་ལ་འགྲན་ཟླ་བྲལ།།

ཆོས་ཀྱི་གྲོང་ཁྱེར་ལེགས་སྐྱོང་བའི།།
ལྷག་བསམ་གོ་བགོས་སྐྱེས་བུ་རྣམས།།
ཆུ་མོའི་རྒྱུན་གྱི་སྐུ་ཚེ་བསྲིངས།།
ནད་མེད་བདེ་བའི་དཔལ་ཐོབ་ཤོག།

     ཅེས་དགོན་འདིའི་ཁོར་ཡུག་དང་འཛིན་སྐྱོང་ལ་ཕྱག་ལས་གནང་མཁན་སྐྱེས་བུ་སྟོབས་ལྡན་མང་དག་ཅིག་ཡོད་ཀྱང་། མིང་འདི་ཙམ་ལས་ངས་ཤེས་མ་སོང་། གང་ཤེས་པ་དེ་དག་ལ་གནས་བརྟན་ཕྱག་མཆོད་ཅིག་བྲི་རྒྱུ་འབྱུང་བ་འདི་ཡང་། གྲུབ་དབང་བླ་མའི་ཐུགས་དགོངས་མཉེས་པའི་མཆོད་སྤྲིན་དུ་གྱུར་ཅིག

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།