གངས་སེང་དཀར་མོ། རྣམ་གྲོལ་གླིང་།
ཟླ་ཞུན་འོད་དུ་ཁོལ་བའི་འཛུམ་ཆུང་ཅན་པོ།།
སྤོས་ཀྱི་དྲི་བཟང་ཐུལ་བའི་མེ་ཏོག་དཀར་པོ།།
རི་ཆེན་ཧི་མ་ལ་ཡའི་ཕར་ཚུར་གཡོམ་པའི།།
དུང་གི་སྒྲོ་གཤོག་རྐྱོང་བའི་ཐང་དཀར་རྒོད་པོ།།
ཨ་སྔོན་གནམ་ན་འཕག་པའི་ཁྲི་གདུགས་ཉི་མ།།
ལྷ་ཚོགས་རྒྱ་མཚོ་ཙམ་ཞིག་མེར་མེར་སྒུལ་བའི།།
བརྫུས་པ་ཅི་ཡང་མེད་པའི་ལྷ་ཕྲུག་གཞོན་ནུ།།
བླ་ཆེན་ངུར་སྨྲིག་ཅན་དེའི་ཐུགས་ཀྱི་སྲས་གཅིག།
ལྷ་ཁང་གསེར་ཏོག་ཡན་ན་འོད་ཟེར་བཀྱེ་མཁན།།
སྤོས་ཆུ་དང་འདྲ་བདུད་རྩིའི་ཁྲུས་ཀྱིས་མཆོད་པའི།།
ཞེ་གཅིག་མཚུངས་པ་མེད་པ་གཏན་གྱི་གདུང་འཚོབ།།
མཚན་སྨག་ཇི་ལྟར་མཐུག་ཀྱང་རྒྱབ་ལ་འདེད་མཁན།།
ནམ་མཁའི་སྐར་ཚོགས་འདྲ་ལ་འཛུམ་ཞིག་བྱིན་མཁན།།
གསེར་སྲང་སྟོང་གིས་བླུས་ཀྱང་གཞལ་དུ་མེད་པའི།།
ཡབ་ཆེན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་སྙིལ་མཁན།།
བསོད་ནམས་འབུམ་དུ་རྡལ་བའི་གཏེར་གྱི་སྒྲོམ་བུ།།
དམ་རྫས་བཅུད་དུ་བསྐྱིལ་བའི་ཁྲུས་བུམ་ཆུང་ཆུང་།།
དམུ་རྒོད་སེམས་ཅན་རྣམས་ཀྱང་མགུ་ཁ་གང་བའི།།
ཚུར་བྱོན་ཞབས་ཀྱི་པད་མོས་ཤིས་པ་སྩོལ་མཁན།།
ཡ་ཁོག་སྐྱོ་བའི་དབུགས་རྔ་ཕར་ཕར་སྐྱེལ་མཁན།།
ནུབ་པ་མེད་པའི་ཕྲིན་ལས་ཚུར་ཚུར་བསུ་མཁན།།
མི་འབྲལ་རྡོ་རྗེའི་བཀའ་ལུང་སྤྱི་བོར་གཟེང་བའི།།
སྙན་པས་ས་ཆེན་དཀྲོག་པའི་དབྱངས་ཀྱི་རོལ་མོ།།
༢༠༢༡/༡༢/༣༡
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།