རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།
ཡོང་ཁུངས།: འོད་འཛིན་རྩོམ་སྟེགས།
ང་ལ་མཚོན་ན། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལྟ་བུར་གྱུར་པའི་ཆོས་བརྒྱུད་ནི། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་ཡིན་ན་ཡང་། ཇོ་ནང་པའི་ཆོས་བརྒྱུད་དང་ཀརྨ་ཀམ་ཚང་གཉིས་ཀྱི་ཆོས་དང་དམ་ཚིག་གི་འབྲེལ་བ་ནི་ཆེས་སྔ་མོ་ནས་ཡོད་པ་ཞིག་རེད། ངས་བསམས་ན་ཇོ་ནང་དང་ཀམ་ཚང་གི་འབྲེལ་བ་དང་ཤོས་ནི། བྱང་སེམས་རྒྱལ་བ་ཡེ་ཤེས་ལ་བརྟེན་ནས་བྱུང་བར་མངོན་ཏེ། བྱང་སེམས་རྒྱལ་བ་ཡེ་ཤེས་ནི་གྲུབ་ཐོབ་ཆེན་པོ་ཀརྨ་པཀྵིས་དགོས་པ་ཆེན་པོ་ཡོད་པར་གསུངས་ནས། ཡབ་ཀྱི་ས་ནས་བསླངས་ནས་ཆོས་སྒོར་བཅུག ཀརྨ་པཀྵིའི་གསོལ་ཇ་བ་ཡུན་རིང་གནང་བའི་རིང་། ཀརྨ་པཀྵིས་ཕ་ཡི་བུ་བཞིན་དུ་བསྐྱངས་ཏེ། ཀརྨ་ཀམ་ཚང་གི་ལུགས་གཙོ་བོར་གྱུར་པའི་དབང་དང་མན་ངག་མང་པོ་ཞིག་གནང་བའི་རྗེས་སུ་རྟེན་འབྲེལ་ཁྱད་པར་ཅན་ཡོད་གསུངས་ནས། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་གསར་དུ་ཕྱག་བཏབ་པའི་ཇོ་ནང་གི་གདན་སར་མངགས་པས། ཇོ་ནང་གི་ཁྲི་རབས་གཉིས་པ་དང་། ཡོངས་གྲགས་སུ་ཇོ་ནང་གི་ཐོག་མའི་བླ་རབས་གསུམ་དུ་གྲགས་པའི་གཅིག་ཏུ་གྱུར། དེར་བརྟེན་བྱང་སེམས་རྒྱལ་བ་ཡེ་ཤེས་ནི་ཀརྨ་ཀམ་ཚང་གིས་གསོ་སྐྱོང་གནང་སྟེ། ཆོས་བརྒྱུད་གཞན་ལ་ཕུལ་བའི་ནང་ནས་མི་སྣ་རླབས་ཆེ་ཤོས་ཤིག་ཏུ་གྱུར་པའོ། །སྐབས་དེ་ནས་བཟུང་ཇོ་ནང་དང་ཀམ་ཚང་གཉིས་ཀྱི་འབྲེལ་བ་བྱུང་བས། ད་ལྟ་ཀམ་ཚང་གི་བརྒྱུད་པ་ལ་དུས་འཁོར་གྱིས་མཚོན་པའི་ཇོ་ནང་གི་ཆོས་ཡོད་ཅིང་། ཇོ་ནང་གི་བརྒྱུད་པ་ལ་ཀམ་ཚང་གི་བླ་མ་ཡང་བཞུགས་པ་དེས་འདི་གཉིས་ཀྱི་འབྲེལ་བ་ནི་དམ་ཚིག་གཙང་ཞིང་ཕན་ཚུན་ཤན་ཞུགས་ཐལ་མ་དྲགས་པའི་འབྲེལ་བ་བཟང་པོ་ཞིག་གོ།
དེ་ནས་ཀུན་མཁྱེན་དོལ་པོ་པ་བྱུང་བ་ལ། དོལ་པོ་པས་ཐོས་བསམ་སོགས་ས་སྐྱར་གནང་ན་ཡང་། ཆོས་བརྒྱུད་གཙོ་བོ་ཇོ་ནང་གནང་བ་ནི་ཡོངས་གྲགས་ལ། དོལ་པོ་པའི་སྐུ་ཚེའི་སྨད་དུ་ལྟ་བ་རང་སྟོང་ལ་འགྱུར་བའམ། དོལ་པོ་པ་ཡང་དོན་དུ་ས་སྐྱ་ཡིན་པར་བཤད་པ་སོགས་ལ་རྒྱུ་མཚན་ཡང་དག་པ་མེད་པའི་ཚུལ་ནི། (Cyrus Stearns) སའི་རས°སྚིནས°གྱིས་མཚོན་པའི་ཕྱི་རྒྱལ་གྱི་ཞིབ་འཇུག་པས་ཀྱང་བཤད་དོ། །སྤྱིར་ས་སྐྱ་ནས་འཚར་ལོངས་བྱུང་བའི་བླ་མ་དང་མཁས་པ་མི་ཉུང་བ་ཞིག ཇོ་ནང་གི་བརྒྱུད་པར་ཞུགས་ནས་ཇོ་ནང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དེས། ས་སྐྱ་པའི་ཆོས་བརྒྱུད་ནི་ཇོ་ནང་གི་བསྟན་པར་ཧ་ཅང་བཀའ་དྲིན་ཆེ་བ་ནི་བཤད་མ་དགོས་པ་ཞིག་ཡིན་ཀྱང་། དེ་ཙམ་གྱིས་ཇོ་ནང་ནི་ས་སྐྱ་པའི་ཆོས་བརྒྱུད་ཡིན་པར་བཤད་ན། ས་སྐྱ་ཡང་ཐོག་མར་རྙིང་མ་ནས་བྱུང་བས། ས་སྐྱ་ཡང་རྙིང་མ་ཡིན་པར་འདོད་དགོས་པའི་སྐྱོན་ཡོད་སྙམ། དེས་ན་བརྒྱུད་པ་དེ་འཛིན་མཁན་ཆོས་བརྒྱུད་གཞན་ཞིག་ནས་བྱུང་བ་ཙམ་གྱིས། བརྒྱུད་པ་དེ་ཡང་ཆོས་བརྒྱུད་གཞན་དེའི་ཡིན་མི་དགོས་པ་ནི། ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པ་ད་ལྟའི་ཆར་ས་དགེ་བཀའ་གསུམ་སུས་བཟུང་ན་ཡང་། ཤངས་པ་བཀའ་བརྒྱུད་རང་ནི་ཤངས་པ་བཀའ་བརྒྱུད་ཡིན་པ་ལས། ས་དགེ་བཀའ་གསུམ་གང་ཡང་ཡིན་མི་དགོས་པ་ལྟ་བུའོ། །འོན་ཀྱང་ཆེས་ཡོངས་གྲགས་དང་མངོན་གསལ་ཅན་གྱི་གནད་དོན་འདི་ལྟ་བུ་ཡང་འདས་པའི་ལོ་ཤས་རིང་རྩོད་གཞིར་གྱུར་པ་ནི། མཐར་གཏུགས་ན་མཁས་པར་གྲགས་པ་རེ་ཟུང་ཞིག་གི་གྲུབ་མཐའི་ཆགས་སྡང་ལ་བརྟེན་ནས་བྱུང་བར་སྣང་ངོ་།།
དོལ་པོ་པ་ཤེས་རབ་རྒྱལ་མཚན་ནི། སྔོན་གྱི་དུས་སུ་བོད་ཀྱི་མངའ་རིས་ཀྱི་ཆ་ཤས་དང་། ད་ལྟའི་དབང་དུ་བྱས་ན་བལ་ཡུལ་གྱི་ས་ཁོངས་སུ་གཏོགས་པའི་དོལ་པོ་ནས་ཡིན་ཀྱང་། སྙན་གྲགས་དང་མཛད་ཕྲིན་བོད་ཡུལ་དུ་རྒྱས་པ་ཞིག་ཡིན་པ་ལ། དེ་ཉིད་དགུང་ལོ་སུམ་ཅུའི་ནང་དུ་ཕེབས་སྐབས་ནས། ཇོ་ནང་གི་གདན་སའི་ཁྲིར་ཕེབས་ནས་སྔར་ཡོད་དུས་འཁོར་གྱི་བརྒྱུད་པ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་པའི་ཐོག་ཏུ། རྒྱུད་ཀྱི་ནང་ནས་དུས་ཀྱི་འཁོར་ལོ་དང་། མདོ་ཡི་ནང་ནས་ངེས་དོན་སྙིང་པོའི་མདོ་སྡེར་གྲགས་པ་རྣམས་དང་། བསྟན་བཅོས་ཀྱི་ནང་ནས་རྒྱུད་བླ་མ་གཙོ་བོར་མཛད་པའི་གྲུབ་མཐའ་གཞན་སྟོང་དབུ་མ་ཆེན་པོ་ཞེས་པ་དེ་སྲོལ་འབྱེད་གནང་། ཏཱ་ར་ནཱ་ཐ་སོགས་ཇོ་ནང་རང་གི་མཁས་པ་རྣམས་ཀྱིས། དོལ་པོ་པས་ཀརྨ་པ་རང་བྱུང་རྡོ་རྗེ་མཇལ་འཕྲད་བྱུང་ཞིང་། རང་བྱུང་རྡོ་རྗེས་དོལ་པོ་པ་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་གསུངས་ན་ཡང་། འདིའི་སྐོར་དོལ་པོ་པའི་རྣམ་ཐར་རྙིང་པ་རྣམས་སུ་གསལ་པོ་མེད་ཅིང་། དོལ་པོ་པའི་གྲུབ་མཐའ་དང་ཅུང་མཚུངས་པ་ནི་དེའི་སྔོན་དུ་བྱོན་པའི་བཙན་ཁ་བོ་ཆེ་དང་། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ཀྱིས་ཀྱང་བཞེད་པས་ན། སྔོན་གཏན་ནས་མེད་པའི་གསར་བཟོ་ནི་ག་ལ་ཡིན། འོན་ཀྱང་ཁོ་བོ་སྒེར་གྱི་མཐོང་ཚུལ་ལྟར་ན། གཞན་སྟོང་གི་གྲུབ་མཐའ་འདི་ཉིད་བཙན་ཁ་བོ་ཆེ་ནས་བརྒྱུད་པའི་གསུང་རྒྱུན་དེ་ཉིད། ཀརྨ་པ་རང་བྱུང་རྡོ་རྗེས་ཅུང་ཟད་འབུར་དུ་གཏོད་པ་ལྟ་བུ་ལ། དོལ་པོ་པས་ཆེས་ཆེར་འབུར་དུ་གཏོད་པའི་སྒོ་ནས་ལུང་དང་རིགས་པ་མང་པོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་རང་རྐང་ཚུགས་པ་ཞིག་གི་རྣམ་པར་གཏན་ལ་ཕབ་པ་ཞིག་ཡིན་པར་མཐོང་ལ། བོད་ལ་གཞན་སྟོང་གི་གྲུབ་མཐའ་ཞེས་པ་དེ་ཡོངས་གྲགས་སུ་དོལ་པོ་པ་ནས་བྱུང་བར་གྲགས་པ་ཡང་རྒྱུ་མཚན་དེས་ཡིན་པར་མངོན།
དོལ་པོ་པ་རང་གིས་གཞན་སྟོང་གི་གྲུབ་མཐའ་དེ་ཉིད་ཁོང་རང་ཉིད་ཀྱིས་གསར་གཏོད་མཛད་པ་ཞིག་མིན་པར། རྒྱ་གར་རང་ནས་བྱུང་བ་དང་། དེ་ཡང་དབུ་མ་ཡིན་པ། དབུ་མ་དེ་ཡང་རྫོགས་ལྡན་གྱི་དབུ་མ་ཡིན་པར་གསུངས་ཀྱང་། རྒྱ་གར་རང་ནས་དོལ་པོ་པས་བཞེད་པ་ཇི་མ་ཇི་བཞིན་ཞིག་བྱུང་མིན་བཤད་དཀའ་སྟེ། ད་ལྟའི་ཆར་རྒྱལ་སྤྱི་རང་བཞིན་གྱི་ཞིབ་འཇུག་གི་འགྲོས་གཞིར་བཟུང་གིས་བཤད་ན། དོལ་པོ་པས་ཐོགས་མེད་དང་དབྱིག་གཉེན་ཡབ་སྲས་ཀྱིས་མཛད་པའི་གཞུང་དང་གསུང་རྩོམ་རྣམས་གཞན་སྟོང་དབུ་མ་ཆེན་པོ་ཡིན་པ་ལས། སེམས་ཙམ་པ་མ་ཡིན་པར་གསུངས་པ་ལ་ནི་ཡང་དག་པའི་རྒྱུ་མཚན་མེད་པ་མ་ཚད། སེམས་ཙམ་པའི་བརྒྱུད་པ་དྲི་མ་མེད་པ་ཡོད་པའི་རྒྱ་བརྒྱུད་ནང་བསྟན་གྱི་བཤད་སྲོལ་དང་ཡང་ཡོངས་སུ་འགལ་བས། དེང་རབས་ཀྱི་ཞིབ་འཇུག་པ་སུས་ཀྱང་ཁས་ལེན་ཐབས་བྲལ་བའོ། །དེ་བཞིན་ད་ལྟའི་ཆར་ཧིན་དུ་དང་ནང་ཆོས་གཉིས་ཀ་ལ་མཁས་པ་འགའ་ཤས་ཀྱིས། རིག་བྱེད་མཐའ་པ་སོགས་ཧིན་དུའི་ཆོས་ལུགས་དང་ཇོ་ནང་པའི་གཞན་སྟོང་གཉིས་ཀྱི་ལྟ་གྲུབ་ཡོངས་སུ་མཐུན་ཚུལ་གསུངས་པར་ཡང་ཐོས། འོན་ཀྱང་འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་སྔོན་དུ་དབུས་གཙང་གི་ཁུལ་དུ་རྒྱུད་བླ་མ་ལ་ཡི་དམ་དུ་བྱེད་པ་ཉིད་དོལ་པོ་པའི་བཀའ་དྲིན་ཡིན་པར་གསུངས་པ་ལྟར། རྒྱུད་བླ་མ་ཙམ་མ་ཡིན་པར་བྱམས་ཆོས་རྣམས་དང་། ལྷག་པར་སྙིང་པོའི་མདོ་སྡེར་གྲགས་པ་རྣམས་ཀྱི་མཛད་ཕྲིན་བོད་ཁམས་སུ་རྒྱ་ཆེར་དར་བ་ལ་ནི། དོལ་པོ་པ་ལས་བཀའ་དྲིན་ཆེ་བ་ཕལ་ཆེར་མེད་ཅེས་ཁ་ཚོན་གཅོད་ཐུབ་པ་ཞིག་གོ།
དོལ་པོ་པས་གྲུབ་མཐའ་དེ་ལྟ་བུ་སྤེལ་བ་ཡང་། དེའི་སྔོན་དུ་བྱོན་པའི་བོད་ཀྱི་མཁས་པ་ཕལ་ཆེར་ཡོད་དོ་ཅོག་གིས་ཆོས་ཉིད་ཀྱི་གནས་ལུགས་མཐར་ཐུག་པ་ནི། ཡོད་མེད་སྤྲོས་པ་ཀུན་དང་བྲལ་བ་ཞིག་ཡིན་པར་བཞེད་པ་ལ། དོལ་པོ་པ་ཉིད་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོ་ལས། “དེ་ལས་གཞན་དུ་འགའ་ཞིག་གིས་འདོད་ལུགས་དོན་དམ་པ་ཉིད་དོན་དམ་པར་ཡོད་པ་ཡང་མ་ཡིན་དོན་དམ་པར་མེད་པ་ཡང་མ་ཡིན། ཞེས་པ་ལ་སོགས་པ་ཆོས་གཅིག་ཉིད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་མཐའ་བྲལ་ངེས་དོན་དུ་འདོད་པ་རྣམས་ནི་གནས་ལུགས་ཀྱི་དོན་དང་མི་མཐུན་ཞིང་།” ཞེས་གསུངས་པ་ལྟར། དོལ་པོ་པས་ཡོད་མེད་གང་ཡང་མ་ཡིན་པའི་སྤྲོས་བྲལ་ཞེས་པ་ནི། རང་ཚིག་འགལ་བའི་ཚིག་ཡ་མ་བརླ་ལས་སྙིང་པོ་ཅི་ཡང་མེད་པ་ཞིག་ཡིན་པར་གསུངས་ནས། རང་ལུགས་ལ་ཀུན་རྫོབ་མེད་པ་དང་། དོན་དམ་ཡོད་པའི་རྣམ་གཞག་མཛད། བདེ་བར་གཤེགས་པའི་སྙིང་པོའི་དོན་རྩལ་དུ་འདོན་པ་སོགས་ནི། དེའི་སྔོན་དུ་བྱོན་པ་ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ཀྱིས་ཀྱང་མཛད་ན་ཡང་། སྤྲོས་བྲལ་གྱི་དོན་ཡོད་མེད་ཡིན་མིན་གང་ཡང་མ་ཡིན་པར་འདོད་པའི་ལྟ་གྲུབ་འདི་ལ་བོད་དུ་དགག་པ་མཛད་པ་པོ་རྣམས་ཀྱི་ཐོག་མ་ནི། ཁོ་བོས་བལྟས་ན་དོལ་པོ་པ་ཉིད་ཡིན་པར་མཐོང་། དེའི་རྗེས་ཙམ་དུ་བྱོན་པའི་རྗེ་ཙོང་ཁ་པས་ཀྱང་སྤྲོས་བྲལ་གྱི་དོན་དེ་ལྟར་འདོད་པ་ལ་དགག་པ་མཛད་ནས། རང་ལུགས་ལ་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་དུ་མེད་པའི་རྣམ་གཞག་མཛད་པ་ལ། ཁོ་བོས་ནི་རྗེ་ཙོང་ཁ་པས་སྤྲོས་བྲལ་གྱི་ལྟ་གྲུབ་ལ་དགག་པ་མཛད་པའི་རིགས་པ་ནི་དོལ་པོ་པ་ནས་རྙེད་པ་མིན་ནམ་སྙམ་ཞིང་། དེ་ལྟར་ཡིན་ན་རྗེ་ཙོང་ཁ་པའི་གྲུབ་མཐའི་རྨང་གཞི་ལྟ་བུ་འདི་ཉིད་དོལ་པོ་པའི་ཤུགས་རྐྱེན་དུ་བཤད་ན་ཡང་མ་ཆོག་པ་མེད་པ་ཞིག་རེད་ཅེས་སྙམ་ཡང་། ཞིབ་ཕྲ་རེ་ཞིག་ཞིབ་འཇུག་བྱ་ལོངས་མ་བྱུང་།
དེས་ན་བོད་དུ་རྗེ་ཙོང་ཁ་པའི་གྲུབ་མཐའ་ནི་གསར་བྱུང་ཡིན་པ་ལྟ་བུས་དེ་ལ་བོད་ཕྱི་རབས་པ་དང་། གཞན་རྣམས་ཕལ་ཆེར་མཚུངས་པས་བོད་སྔ་རབས་པ་ཞེས་གྲགས་ཤིང་། བོད་སྔ་རབས་པ་དང་ཕྱི་རབས་ཞེས་པ་ཡང་ཡོངས་གྲགས་ལ་རང་སྟོང་གི་གྲུབ་མཐའ་ལ་མ་གཏོགས་མི་གོ་ན་ཡང་། ཁོ་བོས་ནི་སྤྲོས་བྲལ་དུ་འདོད་པ་རྣམས་ནི་བོད་སྔ་རབས་པ་དང་། ཡོད་མེད་གང་རུང་དུ་ཁ་ཚོན་གཅོད་པའི་དོལ་པོ་པ་དང་ཙོང་ཁ་པའི་གྲུབ་མཐའ་གཉིས་ནི་བོད་ཕྱི་རབས་པ་ཡིན་པ་དང་། དོལ་པོ་པའི་གཞན་སྟོང་དང་ཙོང་ཁ་པའི་རང་སྟོང་གཉིས་པོ་ནི་རྒྱ་གར་ནས་རྩ་བ་ནས་མ་བྱུང་བ་ཞིག་མིན་ན་ཡང་། བོད་རང་ནས་གསར་དུ་གཞི་བརྟན་ཟབ་མོ་ཚུགས་ཤིང་འཕེལ་རྒྱས་སོང་བའི་གྲུབ་མཐའ་གཉིས་ཡིན་པར་མཐོང་ལ། དེའི་ཡང་ཐོག་མ་དོལ་པོ་པ་ཡིན་པས་ན། ཁོ་བོས་བསམས་ན་བོད་ཕྱི་རབས་པའི་སྲོལ་འབྱེད་པ་པོ་ནི་ཀུན་མཁྱེན་དོལ་པོ་པ་ཉིད་ཡིན་པར་མཐོང་ངོ་། །དོལ་པོ་པའི་གྲུབ་མཐའ་དེས་བོད་ཀྱི་ལྟ་གྲུབ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པས། བོད་ལ་ལྟ་གྲུབ་ཀྱི་ཆ་ནས་དོལ་པོ་པ་དང་རྗེ་ཙོང་ཁ་པ་གཉིས་པོ་ལས་ཤུགས་རྐྱེན་ཆེ་བ་མ་བྱུང་ལ། དེ་གཉིས་ལས་བརྒྱུད་འཛིན་ནི་རྗེ་ཙོང་ཁ་པའི་བརྒྱུད་འཛིན་རྣམས་དར་རྒྱས་ཆེ་ན་ཡང་། རྗེ་ཙོང་ཁ་པའི་ལྟ་གྲུབ་ནི་རྗེ་ཙོང་ཁ་པའི་རྗེས་འཇུག་ཁོ་ནའི་ནང་ཁུལ་དུ་དར་ཁྱབ་དང་རྒྱུན་གནས་བྱུང་ན་ཡང་། ཆོས་བརྒྱུད་གཞན་ལ་ནི་དོལ་པོ་པའི་གཞན་སྟོང་ཉིད་ཁྱབ་ཆེ་བ་ནི། ས་སྐྱ་དང་བཀའ་བརྒྱུད་གཉིས་གཙོ་བོར་གྱུར་པའི་ས་དགེ་བཀའ་རྙིང་ཡོངས་ལ་དོལ་པོ་པའི་གཞན་སྟོང་གིས་ཤུགས་ཆེ་ཆུང་ཅི་རིགས་པས་མ་ཁྱབ་པ་མེད་པ་ལྟ་བུ་ལ། བཀའ་བརྒྱུད་དང་རྙིང་མ་སོགས་ནི་བར་སྐབས་དོལ་པོ་པའི་གྲུབ་མཐར་གྱུར་པའི་རྣམ་པ་ཡང་ཡོད།
ཀུན་མཁྱེན་དོལ་པོ་པ་ལ་གསུང་རྩོམ་མང་པོ་ཡོད་པ་རྣམས་ལས་ཁོ་བོས་དམིགས་བསལ་གྱི་དོ་སྣང་བྱུང་བ་ཞིག་ནི། དོལ་པོ་པས་སངས་རྒྱས་ཀྱི་གསུང་མདོ་སྡེ་རྣམས་ལ་བོད་ཀྱི་མཁས་པ་ཕལ་ཆེར་གཞན་ལས་ཀྱང་ཐུགས་སྣང་ཆེ་བ་གནང་བ་ལྟ་བུར་མཐོང་ལ། དོལ་པོ་པ་ལ་སློབ་མ་ཡང་སྙན་གྲགས་དང་མཛད་འཕྲིན་ཅན་ཧ་ཅང་མང་བས་ན། དོལ་པོ་པ་མ་བྱུང་བའི་གོང་དུ་ཇོ་ནང་ནི་དགོན་པ་ཞིག་ཡིན་ཅིང་། དེའི་བརྒྱུད་པ་གཙོ་བོ་དུས་འཁོར་དང་སྦྱོར་དྲུག་གི་བརྒྱུད་པ་ཡང་། བོད་ལ་སྐབས་དེར་ཆོས་དང་མན་ངག་གི་བརྒྱུད་པ་གྲངས་མེད་པ་ཞིག་ཡོད་པའི་ནང་ནས་བྱེ་བྲག་པ་ཞིག་ཡིན། མ་ཟད་དུས་འཁོར་རང་ལ་ཡང་བརྒྱུད་པ་མི་འདྲ་བ་མང་པོ་ཡོད་པས། ཇོ་ནང་གི་བརྒྱུད་པ་ཡང་རྭ་འབྲོ་གཉིས་ཞེས་གྲགས་པ་ལས། གཅིག་ཡིན་པ་ཙམ་ལས་འགྲན་ཟླ་སུ་ཡང་མེད་པ་ཞིག་མིན་ན་ཡང་། དོལ་པོ་པའི་སློབ་མ་རྣམས་ཀྱིས་དབུས་གཙང་ཁུལ་ཙམ་དུ་མ་ཟད། མདོ་སྨད་ཀྱི་བར་དུ་ཇོ་ནང་གི་བསྟན་པ་རྒྱ་ཆེར་སྤེལ་བ་དེས་དོལ་པོ་པ་ནས་བཟུང་སྟེ། ཇོ་ནང་གི་དགོན་པ་དེ་ཉིད་ད་ཆ་ཆོས་བརྒྱུད་གཅིག་གི་རྣམ་པར་འཕོས། དེ་ལ་ཇོ་ནང་རང་གི་ཆོས་དང་མན་ངག་གི་བརྒྱུད་པ་ཡོད་པའི་ཐོག་ཏུ། ད་དུང་ཇོ་ནང་རང་གི་གྲུབ་མཐའ་ཡང་འབུར་དུ་ཐོན་པ་ཞིག་ཡོད་པས་ན། དེ་ཙམ་ནས་བཟུང་སྟེ། བརྒྱུད་པ་དང་གང་ཟག གྲུབ་མཐའ་གང་གི་ངོས་ནས་བསམས་ཀྱང་། ཇོ་ནང་གི་ཆོས་བརྒྱུད་ནི་རང་རྐང་ཚུགས་པ་ཙམ་དུ་མ་ཟད། ས་སྐྱ་དང་བཀའ་བརྒྱུད་སོགས་ཡོངས་གྲགས་ཀྱི་ཆོས་བརྒྱུད་རྣམས་དང་ཡང་ཕལ་ཆེར་དོ་ཟླ་ནུས་པའི་ཆོས་བརྒྱུད་ཆེན་པོ་ཞིག་ཏུ་གྱུར་པའོ།།
དོལ་པོ་པའི་རྗེས་སུ་ཇོ་ནང་པ་དང་ཀརྨ་ཀམ་ཚང་བར་དུ་འབྲེལ་བ་རྒྱུན་བསྐྱངས་པའི་གནད་ཡོད་མི་སྣ་གཙོ་བོ་ནི། སྙགས་ཕུ་བ་བསོད་ནམས་བཟང་པོ་ཞེས་པ་དེའོ། །དེ་ཡང་སྙགས་ཕུ་བ་ནི་ཀརྨ་པ་ལྔ་པ་དང་དྲུག་པ་བཅས་ཀརྨ་པ་ན་རིམ་གཉིས་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་བཞེས་སའི་མཁན་པོ་ཡང་ཡིན་ལ། ཁྱད་པར་དུ་ཡང་ཀརྨ་བཀའ་བརྒྱུད་ལ་བཤད་པའི་བསྟན་པ་ཐོག་མར་གཞི་བརྟན་པོར་འཛུགས་པ་པོ་ནི་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་ཡིན་པ་ལ། དེ་ཉིད་ཀྱི་གཞུང་ལུགས་ཡོངས་སུ་རྫོགས་པ་གསན་ས་ལྟ་བུ་ནི་རྒྱལ་ཚབ་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་འགྲུབ་ཡིན། གོ་ཤྲི་དཔལ་འབྱོར་དོན་འགྲུབ་ཀྱིས་གཞུང་ལུགས་གསན་སའི་བླ་མ་གཙོ་བོ་ཞིག་ཀྱང་སྙགས་ཕུ་བ་བསོད་ནམས་བཟང་པོ་ཡིན་པ་ལྟ་བུ་ཡོད་པས་ན། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བྱས་ན་སྤྱིར་ཇོ་ནང་དང་བྱེ་བྲག་ཏུ་སྙགས་ཕུ་བ་ནི་ཀརྨ་ཀམ་ཚང་གི་བཤད་པའི་བསྟན་པ་ལ་བཀའ་དྲིན་དང་ཤུགས་རྐྱེན་ཆེ་བར་བཤད་མ་དགོས་པ་ཞིག་གོ །དེ་རྗེས་ཇོ་ནང་གི་མཁན་པོ་ཆོས་གྲུབ་སེང་གེས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ་ལ། ཤེར་ཕྱིན་གྱི་འགྲེལ་པ་གཞན་སྟོང་གཞིར་བཟུང་གིས་མཛད་པར་བསྐུལ་མ་ལ་གནང་བ་ལ་བརྟེན་ནས། མི་བསྐྱོད་རྡོ་རྗེའི་དགོངས་པ་གཞན་སྟོང་ཡིན་མིན་གྱི་རྩོད་པ་བྱུང་བ་སོགས་ཀྱིས། ཀམ་ཚང་གི་ལོ་རྒྱུས་ལ་ཤུགས་རྐྱེན་མི་ཆུང་བ་ཡོད་ཅིང་། ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་ཏྲེ་ཧོ་ཆོས་ཀྱི་རྒྱ་མཚོའི་དྲུང་ནས་ཀམ་ཚང་གི་ཟབ་ཆོས་མི་ཉུང་བ་གསན་པས་ན། ཀརྨ་ཀམ་ཚང་གི་སྐུ་གསུམ་ངོ་སྤྲོད་སོགས་ཇོ་ནང་ཁྲིད་བརྒྱའི་ནང་དུ་བཞུགས་སུ་གསོལ་བ་དེས། མན་ངག་དེ་རྣམས་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ལ་ཁྱབ་པའི་བཀའ་དྲིན་ཀྱང་བྱུང་།
ལྷག་པར་དུ་ཀརྨ་པ་དགུ་པའི་སྐབས་སུ་བྱོན་པའི་ཇོ་ནང་ཏཱ་ར་ནཱ་ཐ་ནི། དུས་སྐབས་དེར་ཀམ་ཚང་ལ་ཤུགས་རྐྱེན་ཆེར་མེད་ན་ཡང་། རིམ་པས་ཇེ་ཆེ་ནས་ཇེ་ཆེར་གྱུར་པས་ཕྱིས་ཙམ་དུ་ཀམ་ཚང་བ་རྣམས་ཀྱིས་ཏཱ་ར་ནཱ་ཐ་ལ་ཀམ་ཚང་རང་གི་བླ་མ་རྣམས་དང་མཉམ་པའི་གཙིགས་མཐོང་དང་ནང་ཚགས་ཀྱི་འདུ་ཤེས་ཆེ་བས། འཇམ་མགོན་བློ་གྲོས་མཐའ་ཡས་ནི་ཏཱ་ར་ནཱ་ཐ་ལ་དགའ་ཆེ་དྲགས་པ་ལྟ་བུ་ཡོད། ཇི་ལྟར་ཡང་ཏཱ་ར་ནཱ་ཐ་ནི་མཁྱེན་དཔྱོད་འགྲན་ཟླ་བྲལ་ཞིང་ཆེས་གཟུ་བོར་གནས་པའི་མཁས་པ་ཞིག་ཡིན་ཅིང་། སྟག་ལུང་བཀའ་བརྒྱུད་གཙོར་གྱུར་པའི་བཀའ་བརྒྱུད་པ་ལ་འབྲེལ་བ་ཡང་ཆེ་བས་ན། ཏཱ་ར་ནཱ་ཐ་རང་གིས་ཀྱང་ཁོང་གི་རྟོགས་པ་ནི་བཀའ་བརྒྱུད་པ་ལ་བརྟེན་ནས་འཁྲུངས་པར་གསུངས་པ་ལྟ་བུ་ཞིག་ཡོད་ལ། མར་མི་དྭགས་གསུམ་གྱི་ཆོས་དང་ཕྱག་ལེན་ཡོངས་རྫོགས་ར་ལུག་བསྲེ་བ་བཞིན་མཛད་པའི་དྭགས་པོ་བཀའ་བརྒྱུད་པ་རྣམས་ལ་མཚོན་ན། ཏཱ་ར་ནཱ་ཐའི་ལེགས་བཤད་འགའ་ཞིག་ནི་ལུགས་དེ་དག་གི་གནད་སོ་སོར་མ་ནོར་བར་འབྱེད་པ་ལ་ནོར་བུ་ཀེ་ཏ་ཀ་ལྟར་གྱུར་པར་མཐོང་། ལྷག་པར་ཆེད་དུ་བཤད་མ་དགོས་པར་བོད་ཀྱི་མཁས་པས་བརྩམས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ལས་ཨེ་ཤ་ཡའི་ཤེས་ཡོན་གྱི་སྡིང་ཆའི་ཐོག་ཏུ་ཏཱ་ར་ནཱ་ཐའི་ཆོས་བྱུང་ལས་གྲགས་ཆེ་བ་གཅིག་ཀྱང་མེད་པས་ན། ཏཱ་ར་ནཱ་ཐ་ནི་ཇོ་ནང་པའི་མཁས་པ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད། ཏཱ་ར་ནཱ་ཐའི་རང་རྣམ་ཁག་ལ་མཇལ་ན་ཁོང་ཉིད་མཐོང་གྲོལ་དང་ཐོས་གྲོལ་ཞིག་མིན་ཚོད་འདུག་ཀྱང་། བླ་མ་ཡང་མི་ཞིག་ཡིན་པའི་ངོས་ནས་བཤད་ན། བླ་མ་ཚད་ལྡན་ཞིག་གི་ཚད་ནི་ཏཱ་ར་ནཱ་ཐ་ལྟ་བུ་ལ་ངོས་འཛིན་དགོས་པ་འདྲ་སྙམ་པའི་བསམ་ཚུལ་ཞིག་བྱུང་བའི་རྐྱེན་གྱིས། ཁོ་བོས་ཀྱང་རང་ཉིད་ཀྱི་བླ་མའི་རྣམ་ཐར་ཞིག་བྲིས་པའི་ནང་དུ་ཏཱ་ར་ནཱ་ཐའི་རང་རྣམ་ལས་ལུང་འདྲེན་ཅི་མང་རེ་བྱ་མྱོང་ཡོད།
དེ་ནས་དུས་རབས་བཅུ་བདུན་པའི་ནང་དུ་ཐོག་མར་གཙང་པ་སྡེ་སྲིད་ནི། ཀམ་ཚང་དང་ཇོ་ནང་གཉིས་ཀའི་སྦྱིན་བདག་ཡིན་པ་དེས་ཇོ་ནང་དང་ཀམ་ཚང་གཉིས་ཀྱི་བར་དུ་སྤྱི་ཚོགས་དང་ཆབ་སྲིད་རང་བཞིན་གྱི་འབྲེལ་བ་ཆེན་པོ་ཞིག་ཀྱང་བྱུང་ཡོད་ལ། དེའི་རྗེས་སུ་གཉིས་ཀ་སོག་པོ་དང་དགེ་ལྡན་པ་གཉིས་ཀྱིས་གཏོར་བས། སྐྱིད་སྡུག་གཅིག་པར་ཡང་གྱུར་ཡོད། ལྷག་པར་ཇོ་ནང་ལ་ལོ་རྒྱུས་ཀྱི་གོད་ཆགས་ཆེ་ཤོས་བྱུང་བའི་སྐབས་དེར། ཀམ་ཚང་ཡབ་སྲས་དྲུག་གི་ནང་ནས་གཅིག་སྟེ། ཏྲེ་ཧོ་བསྟན་འཛིན་དར་རྒྱས་ཀྱི་ཐུགས་བསྐྱེད་དང་ལམ་སྟོན་ལ་བརྟེན་ནས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་དང་སི་ཏུ་ཆོས་འབྱུང་སོགས་ཀྱིས། ཇོ་ནང་གི་ཆོས་བརྒྱུད་ཀྱི་བསྟན་པའི་མེ་རོ་བསླངས་པ་ཡང་། ལོ་རྒྱུས་ཀྱི་སྡོམ་ཚིག་ཐལ་མ་དྲགས་པ་ཙམ་མིན་པར་ཡོངས་གྲགས་ཤིག་ཀྱང་ཡིན་པར་སྙམ། ཇོ་ནང་དང་ཀམ་ཚང་གཉིས་ཀྱི་འབྲེལ་བ་ཆེ་ཤོས་ཀྱང་སི་ཏུ་ཆོས་འབྱུང་ནས་བཟུང་སྟེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་བར་དུ་བྱུང་བ་སྟེ། ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད། འཇམ་མགོན་བློ་གྲོས་མཐའ་ཡས་སོགས་ནི་ཇོ་ནང་གི་བླ་བརྒྱུད་ནང་དུ་ཡང་བཞུགས། འོན་ཀྱང་སྐབས་དེར་བླ་མ་དང་དགོན་པའི་ངོས་ནས་ཀམ་ཚང་གི་ཆོས་བརྒྱུད་ཉིད་ཇོ་ནང་ཆོས་བརྒྱུད་ལ་ཕར་ཤུགས་རྐྱེན་ཆེ་ན་ཡང་། ཆོས་དང་གྲུབ་མཐའི་ངོས་ནས་ཇོ་ནང་གི་ཆོས་བརྒྱུད་ཉིད་ཀམ་ཚང་ལ་ཚུར་ཤུགས་རྐྱེན་ཆེ་བ་ཡང་། ཀམ་ཚང་གི་དུས་འཁོར་ད་ལྟ་ཡོད་པ་ཡང་གཙོ་བོ་ཇོ་ནང་གི་བརྒྱུད་པ་ཡིན་པ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ནས་བཟུང་ཀམ་ཚང་གི་བླ་མ་ཕལ་མོ་ཆེས་འཛིན་པའི་ལྟ་བ་ཡང་གཞན་སྟོང་ཡིན་ཅིང་། དེ་ཡང་བཤད་པ་ཙམ་ལས་ཁོ་བོས་ནི་དོན་དུ་རང་བྱུང་རྡོ་རྗེའི་གཞན་སྟོང་ལས་ཀྱང་ཇོ་ནང་པའི་གཞན་སྟོང་ཡིན་པར་མཐོང་།
ད་ལྟའི་ཆར་ཇོ་ནང་གི་ཆོས་བརྒྱུད་འདི་ཉིད་རྒྱ་གར་དུ་ཡང་རྒྱ་མི་ཆུང་བ་ཡོད་པ་དང་། བོད་དུ་མཚོན་ན་མགོ་ལོག་དང་རྔ་བ་ཁུལ་གཙོ་བོར་གྱུར་པ་ལ་དར་ཁྱབ་ཆེ་བར་ཐོས་ཤིང་། ལས་སྨོན་ཞིག་གིས་ངས་ཀྱང་ང་ཚོའི་དགོན་པར་ཡང་ཡང་ཕེབས་བཞུགས་གནང་བའི་ཇོ་ནང་པའི་བླ་མ་ཡག་པོ་ཞིག་ངོ་ཤེས་ལ། ངའི་སྐད་འཕྲིན་གྱི་ནང་དུ་ཡང་ངའི་རྩོམ་ལ་དགའ་མོས་ཡོད་ཅེས་གསུངས་ནས་སྒེར་འབྲེལ་གནང་བའི་ཇོ་ནང་པའི་དྲྭ་གྲོགས་མི་ཉུང་བ་ཞིག་ཡོད་ས་ཡོད། དེ་དག་ལས་འགའ་ཤས་ཀྱིས་ཁྱོད་ཀྱི་དཔྱད་རྩོམ་འབྲི་ཚུལ་ལ་དམིགས་བསལ་གྱི་དགའ་མོས་ཡོད་པས་ཇོ་ནང་དང་འབྲེལ་བའི་རྩོམ་ཞིག་ཀྱང་འབྲི་རོགས་གྱིས་ཞེས་སྔ་མོ་ཞིག་ནས་གསུངས་པ་ལ། ཕྱོགས་གཅིག་ནས་བསམ་པ་བཞིན་འབྲི་ཁོམ་མ་བྱུང་ལ། ཕྱོགས་གཞན་ནས་ང་རང་སྤྱིར་བྱ་བ་ཞིག་བྱ་དགོས་བསམས་ན་ཡང་སུ་ཞིག་གིས་དེ་ལ་བསྐུལ་མ་བྱས་ན་རྐང་བཙུགས་ནས་མི་བྱེད་མཁན་ཞིག་ཀྱང་ཡིན་པ་དེས་ད་བར་འབྲི་རྒྱུ་མ་བྱུང་། འོན་ཀྱང་གཞན་གྱིས་བསྐུལ་མིན་ལ་མ་ལྟོས་པར་ཁོ་བོས་ཀྱང་འདས་པའི་ལོ་ཤས་ཀྱི་རིང་དོལ་པོ་པའི་གསུང་འབུམ་གྲགས་ཆེ་བ་རྣམས་ཀྱང་བཀླགས་མྱོང་ཞིང་། དེ་དག་འགའ་ཤས་ལ་ཞིབ་འཇུག་ཀྱང་ཅུང་ཟད་རེ་བྱ་མྱོང་ལ། རྒྱ་གར་ཆོས་བྱུང་གཙོ་བོར་གྱུར་པའི་ཏཱ་ར་ནཱ་ཐའི་གསུང་རྣམས་ནི་ཁོ་བོར་མཚོན་ན་ནམ་ཡིན་ཀྱང་དཔྱད་གཞིའི་ཡིག་ཆ་གཙོ་བོ་ཞིག་ཡིན་པ་དེས་ང་རང་ཇོ་ནང་ཆོས་བརྒྱུད་ལ་སེམས་ཐག་ཉེ་ཙམ་ཡོད་པ་དང་། ཆོས་བརྒྱུད་འདི་ཉིད་སྐབས་འགར་ས་དགེ་བཀའ་རྙིང་བཞི་ཞེས་བརྗོད་དུས་དེའི་གྲས་སུ་མི་ཚུད་པ་ལྟ་བུ་ཡང་ཡོད་ཅིང་། ང་རང་གིས་ཀྱང་རྩོམ་ཡིག་རྣམས་སུ་སྐབས་འགར་བརྗོད་བདེ་ཕྱིར་དང་། སྤྲེལ་ལད་བཤད་ཐབས་ལྟ་བུ་ལ་དགའ་མོས་ཀྱང་དེ་ཙམ་མེད་པས་ན་སྐབས་རེ་ཇོ་ནང་པའི་ཆོས་བརྒྱུད་ཉིད་ཟུར་དུ་མ་གླེངས་པའི་སྐབས་ཀྱང་ཡོད།
འོན་ཀྱང་དོན་དུ་བཀའ་གདམས་པ་རྣམས་ལ་གྲངས་མི་གཙོ་གྲུང་གཙོ་ཞེས་གསུང་སྲོལ་ཡོད་པར་གྲགས་པ་ལྟར་ཁོ་བོས་བསམས་ན་ཇོ་ནང་པའི་ཆོས་བརྒྱུད་ཀྱང་དར་ཁྱབ་ཧ་ཅང་མི་ཆེ་ཡང་ལོ་རྒྱུས་རིང་ཞིང་ཆོས་དང་མན་ངག་གིས་ཕྱུག་པ་དང་། གྲུབ་མཐའ་དམིགས་བསལ་ཡོད་པ་གང་ཞིག་ལ་མཁས་པ་དང་གྲུབ་པ་གང་གི་ཆ་ནས་ཀྱང་སྤུས་ཧ་ཅང་གཙང་བའི་ཆོས་བརྒྱུད་ཅིག་ཏུ་མཐོང་བས་ནམ་ཡིན་ཀྱང་དགའ་གུས་དང་ཡིད་སྨོན་བྱེད་བཞིན་ཡོད། དེར་བརྟེན་ཐེངས་འདིར་ཀུན་མཁྱེན་དོལ་པོ་པ་སྐུ་གཤེགས་ནས་ལོ་གྲངས་དྲུག་བརྒྱ་དྲུག་ཅུ་ཧྲིལ་པོར་འཁོར་བ་དང་བསྟུན་དྲྭ་གྲོགས་འགའ་ཞིག་གི་བསྐུལ་མ་ལ་བརྟེན་ནས་དོལ་པོ་པ་དང་འབྲེལ་བའི་དཔྱད་རྩོམ་ཞིག་འབྲི་བསམས་ཀྱང་། དོལ་པོ་པའི་སྐོར་ལ་(Cyrus Stearns)སའི་རས°སྚིནས°གྱིས་བརྩམས་པའི་ The Buddha From Dolpo ལྟ་བུ་ཕྱི་རྒྱལ་གྱི་མཁས་པ་འགས་ཀྱང་ཞིབ་འཇུག་བྱས་ཟིན་པ་དང་། ཇོ་ནང་པའི་མཁས་པ་གཞན་གྱིས་མི་དགོངས་པའམ་མ་གསུངས་པ་ཞིག་ཁོ་བོས་བཤད་ཐབས་ཀྱང་མེད་ཅིང་། གནས་སྐབས་ཞིབ་ཕྲ་ཞིབ་འཇུག་བྱ་ཁོམ་ཡང་མ་བྱུང་བས། ད་རེས་ཇོ་ནང་དང་ཀམ་ཚང་གཉིས་ཀྱི་འབྲེལ་བ་བརྗོད་བྱའི་གཙོ་བོར་བྱས་ཏེ། དེ་དང་འབྲེལ་བའི་གནས་ཚུལ་རྒྱུན་པར་རང་ཉིད་ཀྱི་ཡིད་ལ་འཁོར་བ་འགའ་ཞིག གོ་སྐབས་འདི་དང་བསྟུན་ནས་རྩོམ་ཡིག་གི་ཚུལ་དུ་སྦྱར་བ་འདི་ནི། ཇོ་ནང་པའི་ཆོས་བརྒྱུད་འདི་ཉིད་མ་འོངས་པར་ཡང་ལོ་གྲངས་སྟོང་ཕྲག་ནས་སྟོང་ཕྲག་གི་ཡུན་དུ་གནས་པའི་སྨོན་ལམ་བཅས། རྩིས་ཆེ་ལེགས་མཐོང་དུ་འབོད་པས། སྤྱི་ལོ་ ༢༠༢༡ ཟླ ༡༡ ཚེས་ ༡༤ ཉིན་འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་ནས་ཕུལ་བའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།