རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 7 December 2021

བླ་མའི་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས།

དོལ་པོ་སྒོམ་ཆེན།

དོལ་པོ་སྒོམ་ཆེན་ནམ་དོལ་པོ་གྲུབ་ཆེན་སྤྲུལ་སྐུ། བལ་ཡུལ།

༈  ཨ་ལ་ཨེ་མ་རང་རིག་བླ་མ་ལ་བཏུད་དེ།།
མ་ཡེངས་དྲན་པ་ཆེན་པོས་དག་མཉམ་དུ་རོལ་པའི།།
རང་མདངས་ལྷུན་གྲུབ་གང་དྲན་དབྱངས་ཆུང་ཞིག་འཐེན་ནོ།།
བདག་གཞན་གཉིས་མེད་ཟང་ཐལ་དོངས་གྲུབ་ཞིག་སྩོལ་དང་།།

འཁོར་འདས་མཉམ་པར་བརྡལ་བའི་དག་པ་ཡི་གནས་མཆོག།
རྣལ་འབྱོར་ཉམས་དགའི་གཞལ་ཡས་ཆེན་པོ་དེ་འདི་ནས།།
རིག་འཛིན་བསྐལ་བཟང་ཅན་ངས་སྐྱིད་གླུ་ཞིག་འཐེན་ནོ།།
ཐམས་ཅད་འུབ་ཆུབ་རོལ་བའི་དངོས་གྲུབ་ཞིག་སྩོལ་མཛོད།།

གཞི་དང་མཚན་མ་མེད་པའི་རང་སེམས་ཀྱི་ངང་ན།།
རྣམ་རྟོག་སྤྲོས་པའི་རྦ་རླབས་བཟང་ངན་རེ་མི་འདུག།
ཐམས་ཅད་བཤར་གྲོལ་ཆེན་པོའི་དགོངས་པ་དེའི་ངང་ན།།
མི་གཡོ་མི་འགྱུར་བདེ་སྟོང་ཚོགས་འཁོར་ལ་རོལ་སོང་།།

གློ་བུར་རྣམ་རྟོག་བདུད་བཞི་རྩ་བྲལ་དུ་བཅོམ་ཞིང་།།
ཡེ་གནས་ལྷུན་གྲུབ་འོད་ཀྱི་མཇའ་སྐུར་གྱིས་རོལ་ཏེ།།
རང་སྣང་འགྲོ་བ་འདྲེན་པའི་ཕྲིན་ལས་ལ་ཆས་འགྲོ།།
ཡེ་བཟིན་བྱ་བ་གྲུབ་པའི་དགའ་སྟོན་ཆེར་སྤེལ་ལོ།།

ཀྱེ་ཧོ་སྐལ་བ་ཅན་གྱི་རིགས་ཅན་འདྲ་མཆིས་ན།།
རྙེད་དཀའི་ལུས་རྟེན་མཆོག་དེ་སྙིང་པོ་ཞིག་ལོངས་མཛོད།།
ཐེག་རྩེའི་རྡོ་རྗེ་བླ་མ་དམ་པ་ནི་བཙལ་ཏེ།།
ཞབས་པད་སྤྱི་བོར་བསྙེན་ཞིང་མན་ངག་གི་བཅུད་འཐུངས།།

ཚེ་འདི་མི་རྟག་སྒྱུ་མ་ཕུང་ཚབས་ནི་ཆེ་བས།།
སྐད་ཅིག་ཙམ་ལའང་དོན་གྱི་ཡང་སྙིང་རེ་ལོངས་མཛོད།།
རྟག་བརྟན་བདེ་བ་ཆེན་པོའི་དཔལ་ཡོན་ལ་རོལ་ཏེ།།
མི་འགྱུར་གདོད་མའི་གཏན་སྲིད་ད་ལྟ་རང་འཛིན་མཛོད།།

དད་མོས་གསོལ་འདེབས་དབྱངས་ཀྱིས་ཐུགས་རྒྱུད་དེ་བསྐུལ་ལ།།
ཡང་ཟབ་དགོངས་པའི་བཅུད་ཀྱི་བྱིན་ཆེན་དེ་འཕོ་བས།།
གཅེར་མཐོང་ཟང་ཐལ་རིག་པའི་ངང་རྒྱུན་ལ་བསྟེན་དེ།།
ཚེ་གཅིག་ཆོས་ཟད་འོད་སྐུའི་རྒྱལ་ས་ནི་བཟིན་མཛོད།།

དེ་སྐད་གང་དྲན་གླུ་མ་དབྱངས་ཅན་གྱི་སྒྲ་དབྱངས།།
ཟབ་དོན་དགོངས་པའི་གསང་རྡོལ་ཤེས་རབ་ཀྱི་རལ་གྲིས།།
མ་དག་འཁོར་བའི་རྒྱ་མཚོ་སྐེམ་པ་ལ་བསྐུལ་ཏེ།།
ཀུན་ཀྱང་འུབ་ཆུབ་བདེ་གཤེགས་རང་མལ་ནས་རྙེད་མཛོད།།

     ཅེས་པའང་དུས་མཐའི་རིག་པ་འཛིན་པ་ཀུན་བཟང་དགའ་སྟོན་ནམ།  དོལ་པོ་སྒོམ་ཆེན་དུ་འབོད་པས་གང་དྲན་དུ་གྱེར་བའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།